ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གྱིས་ཚེས14ཉིན་དབྱི་ལིང་དང་སོ་ཏི་ཨ་རབ་སོགས་དབུས་ཤར་རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་བཅས་ལ་ཁ་པར་གྲོས་མོལ་བྱས་ཏེ། ཕྱི་འབྲེལ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཡིན་པ་བསྐྱར་སྒྲོག་བྱས།
ཨེ་ཨར་ཏའོ་ཨན་གྱིས་དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་དབུས་ཤར་ས་ཁུལ་ཧྲིལ་བོ་འཐབ་འཁྲུག་གི་གནས་སུ་ལྷུང་དུ་འཇུག་རྩིས་ཡོད་པ་དང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་ལིང་ལ་འཇབ་རྒོལ་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་གཏོར་བརླག་གཏོང་རྩིས་རེད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་ད་རུང་བཤད་རྒྱུར། ཐུར་ཁེ་ཡིས་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ལས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་སྲིད་པའི་འབྲེལ་ཡོད་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་ཐི་ལིང་ཕུའུ་ལ་ཁ་པར་གཏོང་སྐབས་བསྟན་དོན། ཐུར་ཁེ་ཕྱོགས་ཀྱིས་ཨ་མེ་རི་ཁའི་ལྟ་བར་རྒྱབ་སྐྱོར་བྱེད་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ནི་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པས་མུ་མཐུད་དུ་སྤེལ་དགོས་ལ། ཐུར་ཁེ་ཡིས་ནུས་ཤུགས་ཡོད་རྒུས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་རྩིས་ཡོད་ཟེར།
ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གསར་འགྱུར་ཅུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ད་རུང་སོ་སོར་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་དང་། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་བཅས་ལ་ཁ་པར་བཏང་ནས། མིག་སྔའི་དབྱི་སི་རལ་དང་དབྱི་ལིང་བར་གྱི་ཛ་དྲག་གི་གནས་བབ་ལ་གྲོས་བསྡུར་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།