དབྱི་ལིང་སྲིད་འཛིན་གྱིས་གལ་ཏེ་དབྱི་སི་རལ་གྱིས་མུ་མཐུད་དུ་འཇ་རྒོལ་བྱེད་ན་དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་བྱེད་མི་སྲིད་པའི་ཚུལ་བསྟན།
2025.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས14ཉིན་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་ལ་ཁ་པར་གཏོང་སྐབས་བསྟན་དོན། དབྱི་སི་རལ་གྱིས་མུ་མཐུད་དུ་དབྱི་ལིང་ལ་འཇབ་རྒོལ་བྱེད་ན། དབྱི་ལིང་གིས་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་སླར་གསོ་བྱེད་མི་སྲིད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕའེ་ཙེ་ཞི་ཆི་དབྱང་གིས་ཁ་པར་གཏོང་སྐབས་དབྱི་ལིང་གིས་འཐབ་འཁྲུག་སློང་འདོད་མེད་ཀྱང་། ཐེ་ཚོམ་ཅི་ཡང་མེད་པར་རང་སྲུང་བྱེད་ངེས་ཡིན། དབྱི་ལིང་གིས་ལུགས་མེད་ཀྱི་རེ་བ་དང་གནོན་ཤུགས་སྟེར་བའི་ཚད་གཞི་ཟུང་ལྡན་དང་ལེན་བྱེད་མི་སྲིད་ལ། དབྱི་སི་རལ་གྱིས་མུ་མཐུད་དུ་དཔུང་འཇུག་བྱེད་སྐབས་གྲོས་མོལ་བྱེད་མི་སྲིད་ཟེར།

མཱ་ཁི་ལུང་གིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་ཕའེ་ཙེ་ཞི་ཆི་དབྱང་ལ་ཁ་པར་གཏོང་སྐབས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ངེས་པར་དུ་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པར་བསྟན་ཡོད། ཁོས་དབྱི་ལིང་མྱུར་མོར་གྲོས་མོལ་ལ་ཞུགས་དགོས་པའི་འབོད་སྐུལ་བཏང་བ་དང་། དེ་ནི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐབས་ལམ་ཉག་ཅིག་ཡིན་པར་བསྟན་ཡོད། ཁོས་ད་རུང་ཕྱོགས་སོ་སོས་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་སྟེ་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།