དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས15ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་སྔ་དྲོར་དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་དང་དབྱི་ལིང་དམག་དཔུང་གིས་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་གྱི་རྨང་གཞིའི་སྒྲིག་ཆས་ལ་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱས་རྗེས། དབྱི་ལིང་གི་ས་ཁུལ་སོ་སོའི་མཚོན་ཆའི་ཐོན་སྐྱེད་རྟེན་གཞི་དེ་འཇབ་རྒོལ་དམིགས་འབེན་དུ་གྱུར་ཡོད།
ཉིན་དེའི་སྔ་དྲོར། དབྱི་སི་རལ་གྱི་དམག་ཕྱོགས་མགྲིན་ཚབ་པས་སྨྱན་བྱད་བརྒྱུད་དེ་པའོ་སི་སྐད་དང་ཨ་རབ་སྐད་བཀོལ་ནས། དབྱི་ལིང་གི་མཚོན་ཆའི་ཐོན་སྐྱེད་སྒྲིག་ཆས་དང་འབྲེལ་ཡོད་ཀྱི་སྒྲིག་ཆས་ནང་ཁུལ་དང་ཉེ་འདབས་ཀྱི་མི་ཚང་མ་མྱུར་དུ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པ་དང་། སྒྲིག་ཆས་དེ་དག་གི་ཉེ་འདབས་སུ་འགུལ་སྐྱོད་བྱས་ནས་ཚེ་སྲོག་གི་ཉེན་ཁ་ཡོད་སྲིད་པའི་ཉེན་བརྡ་བཏང་།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཀྲ་མུས་ཨར་གྱིས་ཚེས15ཉིན་གྱི་དགོར་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཐེངས་འདིའི་དབྱི་ལིང་གི་དམག་དོན་ཆམ་ཕབ་འགུལ་སྐྱོད་དེ་ནི་ལོ་རྒྱུས་རང་བཞིན་ལྡན་ཞིང་སྔར་མེད་ཀྱི་འགུལ་སྐྱོད་ཅིག་ཡིན་པ་དང་། དབྱི་ལིང་ལ་ཕམ་ཉེས་ཆེན་པོ་བཟོ་བའི་ཆེད་དུ་ཡིན་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་འཆར་གཞི་ལེགས་སྒྲིག་བྱས་ཏེ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ལ། དབྱི་སི་རལ་གྱི་མཁའ་དམག་གིས་གནད་ལ་འཁེལ་བའི་སྒོ་ནས་དམིགས་འབེན་མི་འདྲ་བ་བརྒྱ་ཕྲག་འགའ་ལ་ཆམ་ཕབ་བཏང་ཡོད་པར་མ་ཟད། དབྱི་སི་རལ་གྱི་མངའ་ཁོངས་སུ་འཕུར་མདའ་གཏོང་འཕེན་བྱེད་པའི་སྒྲིག་ཆས་གཏོར་བརླག་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།