ཁམ་ཕུ་ཀྲེ་དང་ཐེ་གོའི་མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གིས་ཚེས14ཉིན་ནས་ཚེས15ཉིན་བར་ཁམ་ཕུ་ཀྲེའི་རྒྱལ་ས་ཅིན་པེན་ནས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གནད་དོན་ལ་གྲོས་བསྡུར་བྱས། དེ་ནི་ལོ་ངོ12ཀྱི་རྗེས་སུ་རྒྱལ་ཁབ་གཉིས་ཀྱིས་ཐོག་དང་པོར་མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་རེད།
ཁམ་ཕུ་ཀྲེ་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ཀྱིས་མཉམ་འབྲེལ་སྔོག་བཤེར་ཚན་ཆུ་མངགས་པ་དང་ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པའི་རྒྱལ་མཚམས་རྡོ་རིང་ཡོད་སའི་ཡུལ་དངོས་ནས་མཐའ་མཚམས་སྔོག་བཤེར་དང་རྟགས་བརྒྱག་པའི་ཇུས་གཞིར་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་། ཕྱོགས་གཉིས་ཀྱིས་གྲོས་ཚོགས་ཀྱི་རྩ་གནད་བཀོད་དེ་ཟླ9བར་ཡང་བསྐྱར་གྲོས་ཚོགས་བསྡུ་རྒྱུའི་འཆར་གཞི་ཡོད།
ཐེ་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས15ཉིན་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་གྲོས་ཚོགས་དེ་ལམ་ཚད་རྡོ་རིང་ལྟ་བུར་མཐོང་ཆོག་པ་དང་། ཐེ་གོ་དང་ཁམ་ཕུ་ཀྲེ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་མཚམས་དགར་བ་དང་མཐའ་མཚམས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ལ། ཐེ་གོ་ཡིས་ཟླ9བར་ཐེངས་རྗེས་མའི་མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྒྲུབ་བྱེད་རྒྱུ་ཡིན་ཟེར།
ཐེངས་འདིའི་གྲོས་ཚོགས་ནས་རྩོད་གཞི་ཅན་གྱི་མཐའ་མཚམས་ས་ཁུལ་གྱི་གནད་དོན་བཞིར་གྲོས་བསྡུར་བྱས་མེད།
ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་ཡིས་ཚེས15ཉིན་བཤད་རྒྱུར། ཁམ་ཕུ་ཀྲེའི་སྲིད་གཞུང་གིས་ཉིན་དེར་ཧི་ལན་ཧེ་ཡཱ་རུ་ཡོད་པའི་རྒྱལ་སྤྱིའི་ཁྲིམས་ཁང་ལ་དངོས་གཞིའི་འཕྲིན་ཡིག་ཅིག་སྤྲད་དེ། ཁྲིམས་ཁང་དེས་ཐེ་གོའི་བར་གྱི་མཐའ་མཚམས་རྩོད་གླེང་ཐག་གཅོད་བྱེད་པར་བརྩོན་ལེན་བྱས།
ཐེ་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ནེ་ཁང་ཏི་ཡིས་ཚེས14ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྐྱར་སྒྲོག་བྱས་དོན། ཐེ་གོ་ཡིས་རྒྱལ་སྤྱིའི་ཁྲིམས་ཁང་གི་བཙན་ཤེད་ཀྱི་དོ་དམ་དབང་ཆ་ཁས་ལེན་བྱས་མྱོང་མེད་པ་དང་། ཐེ་གོ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་རྐྱེན་སྲོལ་དང་ཕྱི་འབྲེལ་ལ་བརྟེན་ནས་འབྲེལ་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འདོད་བློ་བཏོན་ཡོད་ལ། དེ་ནི་ཆེས་འོས་འཚམ་དང་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་པ་ར་སྤྲོད་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།