དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཚེས15ཉིན་དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་ལ་ཁ་པར་བཏང་སྟེ། དབྱི་རག་སྲིད་གཞུང་དང་མི་དམངས་ཀྱིས་དབྱི་ལིང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས།
དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སུའུ་ཏཱ་ནེ་ཡིས་ཁ་པར་གཏོང་སྐབས་དབྱི་རག་གིས་དབྱི་ལིང་གི་བདེ་འཇགས་དང་གཏན་འཇགས་དེ་ས་ཁུལ་ཧྲིལ་བོའི་བདེ་འཇགས་དང་གཏན་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་མཐོང་ཡོད་ཟེར། ཁོས་ནན་གྱིས་བྟན་དོན། དབྱི་རག་གིས་འཁྲུག་རྩོད་དེ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པའི་ད་འབད་འབུངས་བྱེད་པ་དང་། སྲིད་གཞུང་གིས་ཐབས་ལམ་མང་བོ་བརྒྱུད་དེ་དབྱི་སི་རལ་གྱིས་དབྱི་རག་གི་མཁའ་ཁོངས་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་བཞིན་ཡོད་ཟེར།
སུའུ་ཏཱ་ནེ་ཡིས་བསྟན་དོན། དབྱི་རག་གིས་དབྱི་ལིང་ལ་དགོས་ངེས་ཀྱི་རོགས་སྐྱོར་གང་རུང་འདོན་སྤྲོད་བྱས་ཏེ། དབྱི་སི་རལ་གྱི་བཙན་འཛུལ་ལས་བཟོས་པའི་མཇུག་འབྲས་ཐག་གཅོད་བྱེད་འདོད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕའེ་ཙེ་ཞི་ཆི་དབྱང་གིས་ནན་གྱིས་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཀྱིས་གཅིག་གྱུར་ལངས་ཕྱོགས་བཟུང་ནས་མཉམ་དུ་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་མངོན་སུམ་འཛེམ་མེད་ཀྱིས་རྡོག་བརྫིས་བཏང་བར་རྒོལ་ལན་སྤྲོད་དགོས་ཟེར། ཁོས་བསྟན་དོན། བྱ་སྤྱོད་དེ་དག་གིས་དབྱི་ལིང་ལ་གནོད་སྐྱེལ་ཡོད་པར་མ་ཟད། དབྱི་སི་ལན་གྱི་རྒྱལ་ཁབ་གཞན་པར་ཡང་འཇིགས་ཉེན་ཚབས་ཆེན་བཟོ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།