ཨ་མེ་རི་ཁའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ཚེས16ཉིན་རྒྱལ་ས་ཝ་ཧྲིན་ཐོན་གྱི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་ཞིག་ལ་ཞུ་གཏུགས་བྱས་ཏེ། ཐི་ལིང་ཕུའུ་སྲིད་གཞུང་གིས་ཁྲིམས་རྩོད་པའི་ལས་དོན་ཁང་ལ་དམིགས་པའི་འཇིགས་སྐུལ་འགུལ་སྐྱོད་མཚམས་འཇོག་ཏུ་འཇུག་དགོས་པའི་རེ་བ་བཏོན།
ཨ་མེ་རི་ཁའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་བསྟན་དོན། ཐི་ལིང་ཕུའུ་སྲིད་གཞུང་གིས་སྲིད་འཛིན་བཀའ་རྒྱ་རབ་དང་རིམ་པར་བརྟེན་ནས། ཁྲིམས་རྩོད་པའི་ལས་དོན་ཁང་དང་ཁྲིམས་རྩོད་པས་ཁྲིམས་ར་ནས་སྲིད་འཛིན་དང་དེའི་སྲིད་གཞུང་ལ་འགྲན་ཡ་བྱེད་མི་རུང་བའི་འཇིགས་སྐུལ་བྱས་པ་དེ་ཨ་མེ་རི་ཁའི་རྩ་ཁྲིམས་དང་འགལ་ཡོད་ཟེར།
ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝེ་ལེན་པེ་ཡིས་གསལ་སྒྲོག་ཅིག་གི་ནང་བསྟན་དོན། ཨ་མེ་རི་ཁའི་ཁྲིམས་རྩོད་པའི་མཐུན་ཚོགས་ལ་ད་ལྟའི་འདི་འདྲའི་རང་གི་ཁོངས་མི་དང་ལས་རིགས་ལ་སྲུང་སྐྱོབ་བྱེད་དགོས་པའི་སྣང་ཚུལ་བྱུང་མྱོང་མེད་ཟེར།
ཐེངས་འདིའི་ཞུ་གཏུགས་ལས་ཨ་མེ་རི་ཁའི་ཁྲིམས་རྩོད་པའི་མཐུན་ཚོགས་དང་ཐི་ལིང་ཕུའུ་སྲིད་གཞུང་བར་གྱི་འགལ་བ་ཇེ་དྲག་ཏུ་བཏང་ཡོད། ཐི་ལིང་ཕུའུ་སྲིད་གཞུང་གིས་མཐུན་ཚོགས་དེའི་མ་དངུལ་རྒྱབ་སྐྱོར་སྐོར་ཞིག་རྩིས་མེད་དུ་བཏང་བར་མ་ཟད། མཐུན་ཚོགས་དེའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་དཔོན་གྱི་མིང་འདོན་ཞིབ་བཤེར་བརྒྱུད་རིམ་ཁྲོད་ཀྱི་ནུས་པར་ཚོད་འཛིན་བྱེད་རྩིས་བྱས་ཡོད།
དེའི་སྔོན་ཐི་ལིང་ཕུའུ་སྲིད་གཞུང་གིས་སྲིད་འཛིན་བཀའ་རྒྱ་སྤེལ་ནས། ཁྲིམས་རྩོད་པའི་ལས་དོན་ཁང་རེ་འགའི་བདེ་འཇགས་ཆོག་མཆན་དཔང་ཡིག་རྩིས་མེད་དུ་བཏང་སྟེ། ཁྲིམས་རྩོད་པའི་ལས་དོན་ཁང་དེ་དང་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་བར་གྱི་གན་རྒྱ་མཚམས་བཞག་པས། ཁྲིམས་རྩོད་པའི་ལས་དོན་ཁང་བཞི་ཡིས་སྔ་གཞུག་ཏུ་ཞུ་གཏུགས་བྱས་པ་དང་། གཞན་ཡང་ཁྲིམས་རྩོད་པའི་ལས་དོན་ཁང་དགུ་ཡིས་སྲིད་གཞུང་བར་འགྲིག་མཐུན་ཡི་གེ་བཀོད་དེ། རིན་མེད་ཀྱི་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཏེ་ཆད་གཅོད་མི་ཐེབས་པར་བྱས།
ཨ་མེ་རི་ཁའི་ཁྲིམས་རྩོད་པའི་མཐུན་ཚོགས་ནི་ཨ་མེ་རི་ཁའི་ཆེས་ཆེ་བའི་ཁྲིམས་རྩོད་པའི་རྩ་འཛུགས་ཤིག་ཡིན་པ་དང་། ཁོངས་མི་འབུམ་བཞི་ཙམ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།