དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་རྒུད་སྐྱོབ་དངོས་རྫས་སྟེར་སའི་ཉེ་འདབས་ནས་ཉུང་མཐར་ཡང་མི20བསད།
2025.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས16ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲའི་ལྷོ་ངོས་ཀྱི་ལཱ་ཧྥ་ས་ཁུལ་གྱི་རྒུད་སྐྱོབ་དངོས་རྫས་སྟེར་ས་ཞིག་གི་ཉེ་འདབས་སུ་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི20བསད་ཡོད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ལས་ད་རུང་མི200ལྷག་ལ་རྨས་ཕོག་ཡོད་པ་དང་། དེའི་ནང་མི་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

དབྱི་སི་རལ་གྱིས་གནས་སྐབས་སུ་གོང་སྨྲས་ཀྱི་གནས་ཚུལ་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས16ཉིན་སྤེལ་བའི་གཞི་གྲངས་ལྟར་ན། ཟླ3པའི་ཚེས18ཉིན་གྱི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སྟོང་ལྔ་དང་བརྒྱ་དང་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་དྲུག་བརྒྱད་བརྒྱ་གྱ་གཉིས་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།