རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས16ཉིན་དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པའི་གནད་དོན་ཐད་ནས་དམིགས་བསལ་གྲོས་ཚོགས་བསྡུས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ལིས་སུང་གིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་རྒྱས་བཤད་བྱས།
ལིས་སུང་གིས་བསྟན་དོན། དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་འགུལ་སྐྱོད་སྤེལ་ནས་དབྱི་ལིང་ཕྱོགས་ཀྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་དང་མི་སྣར་ཤི་རྨས་ཐེབས་ཡོད་ལ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཆབ་སྲིད་དང་ཕྱི་འབྲེལ་གྱི་འཕེལ་རིམ་ལ་གཏོར་བརླག་ཐེབས་ཡོད་པར་མ་ཟད། རྒྱལ་སྤྱིའི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་མ་ལག་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་ཉམས་དམས་སུ་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་ཀྱི་ཐད་ཤུགས་རྐྱེན་ངན་པ་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། ཞི་བའི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་དྲག་ཆས་དཔུང་འཇུག་བྱས་པར་ངོ་རྒོལ་བྱེད་ལ། དབྱི་ལིང་གི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་ཡོང་བ། འགལ་བ་དང་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གཏོང་བར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
ལིས་སུང་གིས་བསྟན་དོན། དབུས་ཤར་ས་ཁུལ་གྱི་གནས་བབ་ཡང་བསྐྱར་ཛ་དྲག་ཏུ་གྱུར་ན་ཕྱོགས་གང་རུང་གི་ཁེ་ཕན་ལའང་མི་འཚམ་ལ། ཉེས་མེད་མང་ཚོགས་ཀྱིས་ཡང་ཡང་བྱུང་བའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་དེ་ཐེག་ཐབས་མེད་ཟེར།
ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་གནས་བབ་འཕེལ་རྒྱས་དང་ཕྱི་འབྲེལ་གྲོས་མོལ་གྱི་མདུན་ལྗོངས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱེ་ཡིས་སོ་སོར་དབྱི་ལིང་དང་དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ལ་ཁ་པར་བཏང་སྟེ། ཕྱོགས་སོ་སོས་རང་ཚོད་འཛིན་དགོས་པ་དང་། གནས་བབ་ཛ་དྲག་ཏུ་གཏོང་བའི་འགུལ་སྐྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཟོལ་མེད་ཀྱིས་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར།
ལིས་སུང་གིས་ནན་གྱིས་བསྟན་དོན། གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་དང་ཕྱི་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པ་ནི་ཡང་དག་པའི་ཐབས་ལམ་ཉག་ཅིག་ཡིན་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད། དབྱི་ལིང་གི་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་གཏོང་རྩིས་མེད་པ་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་བྱེད་པར་བརྩོན་པའི་དམ་བཅའ་དེར་མཐོང་ཆེན་བྱེད་དགོས། ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་བཀོད་པའི་རྒྱལ་ཁབ་དག་ལ་ཡོད་པའི་ཉིང་རྡུལ་ནུས་པ་ཞི་བའི་སྒོ་ནས་བེད་སྤྱོད་བྱེད་པའི་ཁེ་དབང་ལ་བརྩི་འཇོག་གང་ལེགས་བྱེད་དགོས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཁུངས་ལས་ཁུངས་ཀྱི་འགན་སྲུང་ལྟ་རྟོག་དང་ལེན་བྱེད་པའི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་བདེ་འཇགས་དང་བདེ་སྲུང་ལ་ཁག་ཐེག་ཐོབ་དགོས་ཟེར།
ཚོགས་ཐོག་ནས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མིག་སྔའི་གནས་བབ་འཕེལ་རྒྱས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཅིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ལང་ལོང་སྒོས་གཏམ་བཤད་སྤེལ་ཏེ་དབྱི་སི་རལ་ལ་རྒོལ་གཏམ་དྲག་པོ་བཏང་། ཕྱོགས་སོ་སོས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལམ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་གདམ་གསེས་ཡིན་པ་ནན་བཤད་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་གནས་བབ་ཞི་འཇགས་སུ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།