ཨེ་ཅིབ་ཀྱིས་ཉམས་ཉེན་ཨུ་ཡོན་ལྷན་ཁང་བཙུགས་ནས་དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་ཤུགས་རྐྱེན་ཐག་གཅོད་བྱེད་རྒྱུ་རེད།
2025.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལེ་ཡིས་ཚེས16ཉིན་ཁྱབ་བསྒྲགས་བྱས་དོན། ཨེ་ཅིབ་སྲིད་གཞུང་གིས་ཉམས་ཉེན་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས། མིག་སྔའི་དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་ལས་ཨེ་ཅིབ་ལ་ཐེབས་པའི་ཤུགས་རྐྱེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཨེ་ཅིབ་སྲིད་གཞུང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། མཱ་ཏི་པུའུ་ལེ་ཡིས་ཨུ་ཡོན་ལྷན་ཁང་དེར་མགོ་ཁྲིད་བྱས་ཏེ། ཨེ་ཅིབ་ཀྱི་ཁྱབ་ཁོངས་སོ་སོའི་གནས་བབ་འཕེལ་རྒྱས་ཐག་གཅོད་བྱེད་པར་གྲ་སྒྲིག་བྱེད་པར་འགན་སྲུང་བྱེད་རྒྱུ་རེད། ཨུ་ཡོན་ལྷ་ཁང་དེར་ཨེ་ཅིབ་ཀྲུང་དབྱང་དངུལ་ཁང་གི་མགོ་བ་དང་སྲིད་གཞུང་གི་གནད་འགན་སྡེ་ཁག་མང་བོའི་པུའུ་ཀྲང་སོགས་མཐོ་རིམ་དཔོན་རིགས་འདུས་ཡོད།

ཨེ་ཅིབ་ཀྱི་རྡོ་སྣུམ་དང་གཏེར་ཁའི་ཐོན་ཁུངས་པུའུ་ཡིས་ཚེས13ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་རྗེས་རང་བྱུང་སོལ་རླངས་ཆེ་གྲས་སྒོ་བརྒྱབ་པས། ཨེ་ཅིབ་ཀྱི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་མཚམས་ཆད་ཡོད། ཨེ་ཅིབ་སྲིད་གཞུང་གིས་འཕྲལ་བསྟུན་ཇུས་གཞི་ལག་བསྟར་བྱས་ནས་འབར་རྫས་ཉམས་ཉེན་ཐག་གཅོད་བྱེད་བཞིན་ཡོད་ལ། དེའི་ནང་ལུད་རྫས་སོགས་ཟད་ཚད་མཐོ་བའི་ལས་རིགས་ཀྱི་ཐོན་སྐྱེད་མཚམས་བཞག་སྟེ་གློག་འདོན་གཙོར་བཟུང་ནས་འགན་སྲུང་བྱེད་པ་སོགས་འདུས་ཡོད་ཟེར།

དེ་ལས་གཞན་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཚེས16ཉིན་ཕཱ་ལེ་སི་ཐན་གྱི་ཙུང་ལིའམ་ཕྱི་འབྲེལ་བློན་ཆེན་མུའུ་སི་ཐཱ་ཧྥ་ལ་ཁ་པར་བཏང་སྟེ། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་དང་དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་ལས་དབུས་ཤར་ས་ཁུལ་་ལ་ཐེབས་པའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱས། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དང་ཕཱ་ལེ་སི་ཐན་མི་དམངས་ཀྱི་རང་ཐག་གཅོད་པའི་དབང་ཆའི་རྨང་གཞིའི་སྟེང་ཕཱ་ལེ་སི་ཐན་གྱི་སྒེར་ཚུགས་རྒྱལ་ཁབ་འཛུགས་པ་མངོན་འགྱུར་བྱེད་པའི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་དགོས་གལ་ཆེ་བ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།