རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་མགོ་བརྩམས་པ་དང་ཁཱ་ནཱ་ཏཱའི་མང་ཚོགས་ཀྱིས་ངོ་རྒོལ་བྱས།
2025.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་ཚེས16ཉིན་ཁཱ་ནཱ་ཏཱའི་ཁཱ་ཨར་ཅཱ་ལི་གྲོང་ཁྱེར་དང་བར་ཐག་སྤྱི་ལེ100ཙམ་ཡོད་པའི་ཁཱ་ནཱ་ནཱ་སི་ཅི་སི་སྡེ་བར་ཚོགས།

རྩེ་ཚོགས་མགོ་རྩོམ་པའི་སྐབས་སུ། རྔམ་སྟོན་ཁྲོམ་སྐོར་མཁན་བརྒྱ་ཕྲག་འགའ་ཡིས་ཁཱ་ཨར་ཅཱ་ལི་གྲོང་ཁྱེར་ལྟེ་གནས་སུ་དར་ཆ་དང་འཕྲེད་བྱང་མཐོན་པོར་བསྒྲེངས་ཤིང་ཁ་གཡང་མཐོན་པོར་བསྒྲགས། ཁོ་ཚོས་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་འགོ་བཏོན་པར་མ་ཟད། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཁཱ་ནཱ་ཏཱའི་བདག་དབང་ལ་འཇིགས་སྐུལ་བྱས་པར་ངོ་རྒོལ་བྱས།

ས་དེའི་སྡོད་དམངས་མཱ་ལོས་སི་ཕན་སི་ལེ་ཡིས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ང་ཚོའི་ཆུའི་ཐོན་ཁུངས་དགོས་པའི་འདོད་ཚུལ་གསལ་བོར་བཏོན་པ་དང་། ཁོས་ད་རུང་ང་ཚོའི་ཐོན་ཁུངས་གཞན་པར་ཧམ་སེམས་སྐྱེས་ཡོད། ང་ཚོས་ཁཱ་ནཱ་ཏཱ་དེ་ཚོང་རྫས་ཤིག་མིན་པ་ཀུན་ལ་བརྡ་ཞིག་གཏོང་འདོད་པ་ཡིན་ཟེར། ཁོ་མོས་བསྟན་དོན། ཐི་ལིང་ཕུའུ་ཡིས་ཁཱ་ནཱ་ཏཱ་ཁུལ་བསྡུ་བྱེད་རྒྱུའི་ཚུལ་བསྟན་ཡོད། ཚང་མས་ཤེས་གསལ་ལྟར། རྒྱལ་ཁབ་བར་གྱི་འབྲེལ་བ་གླེང་སྐབས་ཐ་སྙན་འདི་འོས་འཚམ་མིན་ཟེར།

ས་དེའི་སྡོད་དམངས་གཞན་པ་ཐི་ལི་ཧྲི་ཁི་ལཱ་ཁི་ཡིས་བཤད་རྒྱུར། ང་ཚོ་ནི་བདག་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ང་ཚོ་རང་གི་རྒྱལ་ཁབ་ལ་དགའ་ཞེན་ཡོད། ང་ཚོས་མུ་མཐུད་དུ་རང་གི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་དེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན། དབྱི་ཐཱ་ལེ། ཁཱ་ནཱ་ཏཱ། འཇར་པན་བཅས་ཀྱིས་གྲུབ་ཡོད། ཁཱ་ནཱ་ཏཱ་ནི་ད་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་རེད།

གྲོས་རིམ་ལྟར་ན། ཐེངས་འདིའི་རྩེ་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་ཞིང་། ཕྱོགས་གཉིས་ཀྱི་གྲོས་མོལ་ཐེངས་མང་སྤེལ་བ་ལས་གཞན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཚེས16ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མདུན་ལྗོངས་ལ་གྲོས་བསྡུར་བྱས་པར་མ་ཟད། ཚེས17ཉིན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མགོ་ཁྲིད་པ་གདན་དྲངས་ནས་ནུས་ཁུངས་བདེ་འཇགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།