དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས16ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་སི་རལ་གྱིས་དབྱི་ལིང་ནུབ་ངོས་ཀྱི་སྨན་ཁང་ཞིག་ལ་འཇབ་རྒོལ་བྱས་པ་ནི་འཐབ་འཁྲུག་ནག་ཉེས་ཡིན་པར་རྒོལ་གཏམ་བཏང་།
པཱ་ཅཱ་ཨེ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་ལིང་ནུབ་ངོས་ཀྱི་ཁི་ཨར་མན་ཧྲ་ཧི་ཡི་ཧྥ་ལཱ་པུས་སྨན་ཁང་ལ་འཇབ་རྒོལ་བྱས་པ་དང་། དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་འཐབ་འཁྲུག་གི་ནག་ཉེས་བྱ་སྤྱོད་ཚབས་ཆེན་ཞིག་རེད་ཟེར།
ཁོས་བཤད་རྒྱུར། དབྱི་སི་རལ་གྱི་ཐེངས་འདིའི་འཇབ་རྒོལ་ལས་མི་སེར་དཀྱུས་མར་ཤི་རྨས་བཟོས་པར་མ་ཟད་སྨན་ཁང་གི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བཏང་། དེ་ནི་ཁྲིམས་དང་འགལ་བའི་སྒོ་ནས་བསམ་བཞིན་དུ་འཐབ་འཁྲུག་བྱེད་མི་མ་ཡིན་པའི་མི་སྣ་གཞན་པར་དམིགས་པའི་བྱ་སྤྱོད་ཅིག་རེད་ཟེར།
དབྱི་སི་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། ས་དེའི་དུས་ཚོད་སྔ་དྲོའི་དུས་ཚོད9ཡས་མས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཧྥ་ལཱ་པུས་སྨན་ཁང་དང་དེའི་ཉེ་འཁོར་དུ་འཇབ་རྒོལ་བྱས་ཏེ། སྨན་ཁང་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད། རྒུད་སྐྱོབ་རུ་ཁག་དུས་ལྟར་ཡུལ་དངོས་སུ་འབྱོར་ནས་རྟོག་ཞིབ་དང་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།