ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སིའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ནང་འདྲེན་བྱེད་པ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་པའི་འཆར་གཞི་ཡོད།
2025.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས17ཉིན་ཁྲིམས་འཛུགས་གྲོས་གཞི་ཞིག་བཏོན་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས2027ལོའི་ལོ་མཇུག་གི་སྔོན་ལ། རིམ་བཞིན་ཨུ་རུ་སིའི་རང་བྱུང་སོལ་རླངས་དང་རྡོ་སྣུམ་ནང་འདྲེན་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར།

གྲོས་གཞི་དེ་ལས2027ལོའི་ལོ་མཇུག་གི་སྔོན་ལ་རིམ་བཞིན་ཨུ་རུ་སི་ནས་ཐད་ཀར་རམ་བརྒྱུད་པའི་སྒོ་ནས་ནང་འདྲེན་བྱེད་པའི་སྦུག་ལམ་རང་བྱུང་སོལ་རླངས་དང་གཤེར་གཟུགས་རང་བྱུང་སོལ་རླངས་མེད་པར་གཏོང་རྒྱུ་ཡིན་པ་དང་། ཞོར་དུ་ཨུ་རུ་སི་ནས་རྡོ་སྣུམ་ནང་འདྲེན་བྱེད་པ་རྩ་བ་ནས་མཚམས་འཇོག་རྒྱུ་ཡིན་པ་བསྟན་ཡོད།

གྲོས་གཞི་ལས2026ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་གན་རྒྱ་གསར་བ་གཞིར་བཟུང་ནས་ཨུ་རུ་སིའི་རང་བྱུང་སོལ་རླངས་ནང་འདྲེན་བྱེད་པར་གཏན་འགོག་བྱེད་རྒྱུ་ཡིན་པ་དང་། དུས་ཡུན་རིང་བོའི་གན་རྒྱ་བཀོད་པའི་ནང་འདྲེན་དེ2027ལོའི་ལོ་མཇུག་གི་སྔོན་ལ་ཡོངས་སུ་མཚམས་འཇོག་རྒྱུ་ཡིན་ཟེར།

གྲོས་གཞི་དེ་ནི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ནས་ཟླ་སྔོན་མར་གྲོས་མཐུན་བཀོད་པའི་ནུས་ཁུངས་ལམ་ཐིག་རི་མོར་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་བཏང་བ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་བསྟན་དོན། གྲོས་གཞི་དེའི་དམིགས་ཡུལ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་རྫས་འགྱུར་རྡོ་སྣུམ་འབར་རྫས་ལ་བརྟེན་པའི་སྣང་ཚུལ་མེད་པར་གཏོང་བའི་ཆེད་དུ་ཡིན་ཟེར།

གྲོས་གཞི་དེས་ཐུན་མོང་ཆོད་དོན་གྱི་ཁྲིམས་འཛུགས་ལས་རིམ་བརྩི་སྲུང་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ཁོངས་གཏོགས་རྒྱལ་ཁབ་མང་ཆེ་བའི་རྒྱབ་སྐྱོར་ཐོབ་རྗེས་དངོས་སུ་ནུས་ལྡན་དུ་འགྱུར་ངེས་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།