མོང་གོལ་རྒྱལ་ཁབ་གྲོས་ཁང་གིས་ཚེས17ཉིན་ནས་ཚེས18ཉིན་གྱི་ཞོགས་པའི་བར་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། གསར་དུ་འགན་ཁུར་བའི་ཙུང་ལི་ཙན་ཏན་ཧྲ་ཐཱ་ཨར་གྱིས་སྤྲད་པའི་སྲིད་གཞུང་གི་གྲུབ་ཚུལ་དང་འཛུགས་གྲུབ་ཀྱི་བཅའ་ཁྲིམས་འཆར་ཟིན་ལ་ཆོག་མཆན་བཀོད། མོང་གོལ་གྱི་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གིས་དེའི་རྗེས་སུ་རྒྱལ་ཁབ་ཕོ་བྲང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
སྲིད་གཞུང་གསར་བར་པུའུ་ཨུ16བཀོད་སྒྲིག་བྱས་ཡོད་པ་དང་། ད་རུང་ཙུང་ལི་གཞོན་པ་དང་པོ་གཅིག་དང་ཙུང་ལི་གཞོན་པ་གཉིས་འདུས། སྲིད་གཞུང་གསར་བའི་ཁྲོད་ཙན་ཏན་ཧྲ་ཐཱ་ཨར་སོགས་མི17ནི་མོང་གོལ་མི་དམངས་ཏང་ནས་ཡོང་བ་དང་། མི་གཉིས་མི་གཞུང་ཏང་ནས་ཡོང་བ་ཡིན་ལ། མི་གཅིག་སྤྱི་དམངས་འདོད་བློའི་ལྗང་མདོག་ཏང་ནས་ཡོང་བ་རེད། སྐབས་སྔོན་མའི་སྲིད་གཞུང་གི་ཁོངས་མི་བཅུའི་ལས་འགན་མུ་མཐུད་དུ་སོར་འཇོག་བྱས་ཡོད།
དམ་བཅའ་འཇོག་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཙན་ཏན་ཧྲ་ཐཱ་ཨར་གྱིས་བསྟན་དོན། མཉམ་འབྲེལ་སྲིད་གཞུང་གསར་བས་མ་ལག་རང་བཞིན་གྱི་ཐག་གཅོད་ཇུས་གཞི་བཏོན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་འཕེལ་རྒྱས་ལ་འགན་སྲུང་བྱེད་རྒྱུ་ཡིན། སྲིད་གཞུང་གིས་རིམ་བཞིན་དགོས་གལ་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ་དང་། ཚགས་དམ་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། སྔོན་རྩིས་གསལ་ཞིང་འདྲི་རྩད་ཀྱི་རྐྱེན་སྲོལ་ལ་ཤུགས་སྣོན་པའི་ཞོར་དུ་རྒྱལ་ཁབ་ཀྱི་དྲང་བདེན་དང་མཐུན་སྒྲིལ་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།