ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས17ཉིན་གྱི་ཕྱི་དྲོར་ཕོ་བྲང་དཀར་པོ་ནས་རྒྱལ་ཁབ་བདེ་འཇགས་ཚོགས་ཁག་བསྡུས་ནས་དབྱི་སི་རལ་དང་དབྱི་ལིང་བར་གྱི་དམག་དོན་འཁྲུག་རྩོད་ལ་གྲོས་བསྡུར་བྱས། ཨ་མེ་རི་ཁའི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་གནད་དོན་རབ་དང་རིམ་ར་བསམ་བློ་གཏོང་བཞིན་ཡོད་ཅིང་། དེའི་ནང་དབྱི་སི་རལ་གྱི་དབྱི་ལིང་ལ་དམིགས་པའི་བར་སྣང་འཇབ་རྒོལ་ནང་ཞུགས་པ་སོགས་འདུས་ཡོད།
བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོའི་འཐབ་འཁྲུག་གནས་ཚུལ་ཁང་ནས་རྒྱལ་ཁབ་བདེ་འཇགས་ཚོགས་ཁག་གི་ཁོངས་མི་དང་མཉམ་དུ་ཐབས་ཇུས་གྲོས་མོལ་བྱས་པ་དང་། གྲོས་ཚོགས་དེ་དུས་ཚོད་གཅིག་ལྷག་འགོར་ཡོད། ཕོ་བྲང་དཀར་པོས་ཚོགས་འདུ་གྲོལ་རྗེས་གྲོས་ཚོགས་ཀྱི་མང་དོན་སྔར་ལས་མང་བོ་ཁྱབ་བསྒྲགས་བྱས་མེད་ཟེར།
བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཉིན་དེའི་སྔ་དྲོར་སྲིད་འཛིན་གྱི་ཆེད་བཏང་གནམ་གྲུའི་སྟེང་ནས་སྨྱན་བྱད་ལ་བསྟན་དོན། ངས་དབྱི་ལིང་བར་གྲོས་མོལ་བྱེད་པར་སྤྲོ་བ་ཆེན་པོ་མེད་པ་དང་། ཁོས་བསམ་བཞིན་པའི་དམིགས་ཡུལ་ནི་འཁྲུག་རྩོད་མཚམས་འཇོག་པ་ཙམ་མ་ཡིན་པར་ངེས་པ་དོན་གྱིས་འཁྲུག་རྩོད་མཇུག་སྒྲིལ་བ་དེ་ཡིན་ཟེར། ཁོས་ཉིན་དེར་ད་རུང་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ང་ཚོར་བཟོད་བསྲན་ཆེན་པོ་མེད་པས་དབྱི་ལིང་གིས་ཆ་རྐྱེན་ཅི་ཡང་མེད་པར་མགོ་སྒུར་དགོས་པའི་རེ་བ་བཏོན་ཡོད།
ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་ཚེས17ཉིན་གནས་ཚུལ་ཤེས་མཁན་གཉིས་ཀྱི་སྐད་ཆ་དྲངས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་དམག་དོན་རྒྱུ་ནོར་བཀོལ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་བར་སྣང་འཇབ་རྒོལ་བྱེད་པའི་འདོད་བློ་ཡོད་ཀྱང་། གལ་ཏེ་དབྱི་ལིང་གིས་རྣམ་འགྱུར་ལེགས་པོ་བསྟན་ན་ཐི་ལིང་ཕུའུ་ཡིས་སྔར་བཞིན་ཕྱི་འབྲེལ་ལ་བརྟེན་ནས་ཐག་གཅོད་བྱེད་པའི་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།