མཱ་ཏཱ་ཀ་སི་ཁཱའི་ཕྱི་འབྲེལ་བློན་ཆེན་ལཱ་སཱ་ཐཱ་ཡིས་ཚེས16ཉིན་མཱ་ཏཱ་ཀ་སི་ཁཱའི་རྒྱལ་ས་ཐཱ་ནཱ་ནཱ་ལེ་ཧྥོ་ནས་བསྟན་དོན། ཀྲུང་གོས་ལོ་ངོ50རིང་ལ་བསྟུད་མར་སྨན་བཅོས་རུ་ཁག་མངག་ནས། མཱ་ཏཱ་ཀ་སི་ཁཱའི་འཕྲོད་བསྟེན་མ་ལག་ལེགས་བཅོས་བྱེད་པ་དང་ས་དེའི་མང་ཚོགས་ཀྱི་བདེ་ཐང་དང་ཕན་བདེ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
མཱ་ཏཱ་ཀ་སི་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉིན་དེར་སྐོར་ཐེངས24དང་སྐོར་ཐེངས23པའི་ཀྲུང་གོའི་རོགས་སྐྱོར་སྨན་བཅོས་རུ་ཁག་ལ་དགའ་བསུ་དང་རོགས་སྐྱོར་སྨན་བཅོས་ཚོགས་པའི་ལོ་ངོ་ལྔ་བཅུའི་སྣེ་ལེན་ཚོགས་འདུ་བསྡུས།
ལཱ་སཱ་ཐཱ་ཡིས་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མཱ་ཏཱ་ཀ་སི་ཁཱ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་མཱ་ཏཱ་ཀ་སི་ཁཱའི་མང་ཚོགས་ས་ཡ་མང་བོར་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། མཱ་ཏཱ་ཀ་སི་ཁཱ་ཕྱོགས་ཀྱི་སྨན་བཅོས་ལས་ཁུངས་ཀྱིས་སྨན་བཅོས་ལག་རྩལ་ཆུ་ཚད་མཐོར་འདེགས་གཏོང་བར་རོགས་རམ་བྱས་པར་མ་ཟད། མཱ་ཏཱ་ཀ་སི་ཁཱའི་སྨན་བཅོས་རུ་ཁག་གི་འཛུགས་སྐྲུན་དང་མི་སྣའི་གསོ་སྐྱོང་ལ་རོགས་རམ་བྱས་ཏེ། མུ་མཐུད་དུ་མཱ་ཏཱ་ཀ་སི་ཁཱའི་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།
མཱ་ཏཱ་ཀ་སི་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅི་ཕེན་གྱིས་བཤད་རྒྱུར། ལོ་ངོ་ལྔ་བཅུའི་རིང་ལ། ཀྲུང་གོའི་སྨན་བཅོས་བྱ་བ་བྱེད་མཁན་གྱིས་མཱ་ཏཱ་ཀ་སི་ཁཱའི་ནད་པ་མང་བོ་ནད་ཀྱི་སྡུག་བསྔལ་ལས་བསྐྱབས་པ་དང་། ས་དེའི་མང་ཚོགས་ལ་ཕན་བདེ་བསྐྲུན་ཡོད། སྐོར་ཐེངས24བའི་སྨན་བཅོས་རུ་ཁག་གིས་མུ་མཐུད་དུ་རོགས་སྐྱོར་གྱི་སྙིང་སྟོབས་བཟུང་ནས། ཀྲུང་གོ་དང་མཱ་ཏཱ་ཀ་སི་ཁཱའི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པའི་ལེའུ་གསར་བ་འབྲི་བར་རོགས་འདེགས་བྱེད་དགོས་པའི་རེ་བ་བཏོན།
སྐོར་ཐེངས24བའི་མཱ་ཏཱ་ཀ་སི་ཁཱ་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་གཙོ་ལིས་ཞིན་ཞང་གིས་བསྟན་དོན། མཱ་ཏཱ་ཀ་སི་ཁཱ་ལ་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་། སྨན་པའི་དམ་བཅའ་བརྟན་སྲུང་བྱས་ཏེ། ཆེད་ལས་ནུས་པས་མཱ་ཏཱ་ཀ་སི་ཁཱའི་མང་ཚོགས་ལ་ཞབས་འདེགས་བྱས་ནས། ས་དེའི་མང་ཚོགས་དག་གིས་བདེ་ཐང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།