ཨུ་རུ་སིའི་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་བརྒྱད་པ་ཚེས18ཉིན་སྤེལ་འགོ་བརྩམས་པ་དང་། རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་གི་ཆབ་སྲིད་ཚོང་དོན་ལས་རིགས་ཀྱི་འཐུས་མི་གླེང་སྟེགས་ལ་ཞུགས།
གླེང་སྟེགས་དེའི་ཚོགས་ཡུན་ཉིན་བཞི་ཡིན་པ་དང་། བརྗོད་སྙིང་ནི་ཐུན་མོང་གི་རིན་ཐང་ལྟ་བ་ནི་སྣེ་མང་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་གྱི་རྨང་རྡོ་ཡིན་ཞེས་པ་དེ་རེད། ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས17ཉིན་བསྟན་དོན། རྒྱལ་ཁབ་བརྒྱ་དང་བཞི་བཅུ་ནས་ཡོང་བའི་འཐུས་མི་ཁྲི་གཉིས་ཙམ་གླེང་སྟེགས་ལ་ཞུགས་རྒྱུ་ཁས་ལེན་བྱས་ཡོད་པ་དང་། གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་བྱ་འགུལ་བརྒྱ་དང་ལྔ་བཅུ་ལྷག་སྤེལ་རྒྱུ་ཡིན་ལ། དེའི་ནང་ཚན་ཆུང་གི་གྲོས་བསྡུར་དང་ཆེད་དོན་སྒོར་ཅོག་གྲོས་ཚོགས། ཚོང་དོན་ཞོགས་པའི་གསོལ་སྟོན། བརྙན་འཕྲིན་བགྲོ་གླེང་སོགས་འདུས། གླེང་སྟེགས་དེས་ཚེས20ཉིན་ཚང་འཛོམས་གྲོས་ཚོགས་བསྡུ་རྒྱུ་ཐག་བཅད་ཡོད་པ་དང་། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་སོགས་རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་སྤེལ་རྒྱུ་རེད་ཟེར།
ཕུའུ་ཅིན་གྱིས་གླེང་སྟེགས་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཨུ་རུ་སི་ཡིས་ཐོག་མཐའ་བར་གསུམ་དུ་རང་བདག་འཕེལ་རྒྱས་དང་། རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོའི་རིག་གནས་དང་དཔལ་ཡོན་གྱི་ཁྱད་ཆོས་ལ་བརྩི་འཇོག་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད། ཨུ་རུ་སི་དང་མཉམ་ལས་གྲོགས་པོ། ཁྱད་པར་དུ་གསེར་གྱོམ་རྒྱལ་ཁབ་དག་གིས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གཉིས་ཕན་གྱི་རྒྱལ་སྤྱིའི་མཉམ་ལས་མ་ལག་འཛུགས་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་གཙོ་བོ་ནི་ཚན་རྩལ་དང་གཞི་གྲངས་ཅན་གྱི་ཚུལ་བསྒྱུར་ཡིན་པ་དང་། ཚོགས་ཞུགས་མཁན་གྱིས་ད་རུང་མི་གྲངས་གྲུབ་ཚུལ་དང་ངལ་རྩོལ་ཐོན་སྐྱེད་ཀྱི་ཚད། ཚན་རིག་སློབ་གསོ། སྨན་བཅོས་བདེ་སྲུང་། སྤྱི་ཚོགས་འགན་སྲུང་སོགས་གྲོས་གཞིའི་ཐད་ནས་བརྗེ་རེས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།