མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབྱི་སི་རལ་དང་དབྱི་ལིང་གིས་འཁྲུག་རྩོད་ཞི་འཇགས་སུ་བཏང་ནས་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་བཏང་།
2025.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་དབྱི་ལིང་གི་དམག་དོན་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་མྱུར་མོར་འཁྲུག་རྩོད་ཞི་འཇགས་སུ་བཏང་ནས་འཁྲུག་རྩོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་གསལ་སྒྲོག་ནང་ཐེངས་འདིའི་འཁྲུག་རྩོད་དེ་རྒྱལ་ཁབ་གཞན་པར་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། དམག་དོན་ཐེ་གཏོགས་གང་རུང་ལས་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པ་དང་། འཁྲུག་རྩོད་ཀྱི་འབྲེལ་ཡོད་ཕྱོགས་དང་ས་ཁུལ་ཧྲིལ་བོ། ཐ་ན་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལའང་གནོད་པ་ཐེབས་སྲིད་པའི་ཉེན་བརྡ་བཏང་།

ཀུའུ་ཐི་ལོས་སི་ཡིས་འཁྲུག་རྩོད་ལས་མི་སེར་དཀྱུས་མར་ཤི་རྨས་བཟོས་པ་དང་། དམངས་ཀྱི་སྡོད་ཁང་དང་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་གཙོ་བོར་གཏོར་བརླག་བཏང་བར་རྒོལ་གཏམ་བཏང་། ཁོས་བསྟན་དོན། ཕྱི་འབྲེལ་གྱི་བྱེད་ཐབས་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པ་དང་ས་ཁུལ་གྱི་བདེ་འཇགས་ལ་སེམས་ཁུར་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ཡིན་ཟེར། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།