དབྱི་སི་རལ་དང་དབྱི་ལིང་གིས་ཕན་ཚུན་ལ་བར་སྣང་འཇབ་རྒོལ་བྱས།
2025.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས18ཉིན་གྱི་དགོང་མོར་དབྱི་ལིང་ནུབ་ཕྱོགས་ས་ཁུལ་དུ་ཡང་བསྐྱར་བར་སྣང་འཇབ་རྒོལ་བྱས། ཉིན་དེའི་དགོང་མོར་དབྱི་ལིང་གིས་དབྱི་སི་རལ་ལ་སྐོར་ཐེངས་བཅུ་གཉིས་པའི་ཆམ་ཕབ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། དབྱི་སི་རལ་ལ་ནེ་ཧྲི་རྟགས་ཅན་གྱི་འཕུར་མདའ་གཏོང་འཕེན་བྱས།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས18ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད་འགའི་ནང་། དབྱི་སི་རལ་གྱི་གསང་འཕྲིན་སྡེ་ཁག་གིས་ཡང་དག་པའི་ཁྲིད་སྟོན་འོག དབྱི་སི་རལ་གྱི་མཁའ་དམག་གི་འཐབ་འཛིང་གནམ་གྲུ60ཡིས་ཏི་ཧེ་ལན་གྱི་དམག་དོན་དམིགས་འབེན་ཉི་ཤུ་ལྷག་ལ་འཇབ་རྒོལ་བྱས་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཏའེ་ཧྥོ་ལིན་གྱིས་ཚེས18ཉིན་བརྙན་རིས་གསལ་སྒྲོག་སྤེལ་ཏེ། དེ་ནི་འདས་པའི་ཉིན་གཅིག་གི་ནང་དབྱི་སི་རལ་གྱིས་དབྱི་ལིང་ལ་སྤེལ་བའི་སྐོར་ཐེངས་གསུམ་པའི་གཞི་རྒྱ་ཆེ་བའི་འཇབ་རྒོལ་ཡིན་པ་དང་། སྐོར་ཐེངས་དང་པོའི་འཇབ་རྒོལ་ཁྲོད་དབྱི་སི་རལ་གྱིས་འཐབ་འཛིང་གནམ་གྲུ50མངགས་ནས་ཏི་ཧེ་ལན་ས་ཁུལ་གྱི་དམིགས་འབེན་བཞི་བཅུ་ལྷག་ལ་ཆམ་ཕབ་བཏང་ཡོད་ལ། འཇབ་རྒོལ་བྱེད་སའི་དམིགས་འབེན་ལ་ཉིང་རྡུལ་ནུས་པའི་འཕྲུལ་ཆས་ཐོན་སྐྱེད་རྟེན་གཞི་དང་ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའི་བཟོ་སྐྲུན་རྟེན་གཞི་ཞིག་འདུས་ཡོད། སྐོར་ཐེངས་གཉིས་པའི་འཇབ་རྒོལ་ཉིན་དེའི་ཕྱི་དྲོར་མགོ་བརྩམས་པ་དང་། ཏི་ཧེ་ལན་ས་ཁུལ་གྱི་དམིགས་འབེན་ཉི་ཤུ་ལྷག་ལ་ཡང་བསྐྱར་འཇབ་རྒོལ་བྱས། དེའི་ནང་འཕུར་མདའི་ཐོན་སྐྱེད་དང་འབྲེལ་བའི་སྒྲིག་ཆས་གཙོ་བོ་གསུམ་འདུས་ཡོད་ཟེར།

དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཇབ་རྒོལ་དེ་ཏི་ཧེ་ལན་གྱི་ཉེན་རྟོག་སྤྱི་ཁྱབ་པུའུ་ཡི་ཉེ་འདབས་སུ་བྱུང་ཟེར།

དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་གིས་ཚེས18ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་ཉིན་དེའི་དགོང་མོར་ཡང་བསྐྱར་དབྱི་སི་རལ་གསང་འཕྲིན་ལས་ཁུངས་དང་མཁའ་དམག་རྟེན་གཞིར་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་དུ་ནེ་ཧྲི་རྟགས་ཅན་གྱི་འཕེན་ཚད་སྤྱི་ལེ་སྟོང་གཉིས་ལ་བསླེབས་པའི་འཕུར་མདའ་གཏོང་འཕེན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།