ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཅུའུ་ལའེ་ཨར་གྱིས་ཚེས18ཉིན་ཐུར་ཁེ་དང་དབྱི་ལིང་གི་འབྲེལ་མཚམས་ས་ཁུལ་དུ་རྟོག་ཞིབ་བྱེད་སྐབས་དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་བཏང་བ་དང་། དེའི་ཞོར་དུ་དབྱི་ལིང་བར་གྱི་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དོགས་ཟོན་བྱེད་ཐབས་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅུའུ་ལའེ་ཨར་གྱིས་ཉིན་དེར་ཤར་ངོས་ཀྱི་ཧྥན་ཞིང་ཆེན་དུ་རྟོག་ཞིབ་བྱེད་སྐབས་བསྟན་དོན། ཐུར་ཁེའི་དམག་ཕྱོགས་ཀྱིས་དབྱི་ལིང་བར་གྱི་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དོགས་ཟོན་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ། མིག་སྔའི་དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་ལས་ཐུར་ཁེ་ལ་ཐེབས་སྲིད་པའི་ཤུགས་རྐྱེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
ཅུའུ་ལའེ་ཨར་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་བྱེད་ཐབས་སྤྱད་དེ་དབྱི་སི་རལ་གྱི་ཐལ་དྲགས་པའི་བྱ་སྤྱོད་དེར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དང་ལེ་པཱ་ནུན། དབྱི་ལིང་བཅས་ལ་ཁྲིམས་འགལ་འགུལ་སྐྱོད་སྤེལ་བ་ལས་ས་ཁུལ་ཧྲིལ་བོ་ནས་འཁྲུག་རྩོད་སློང་འདོད་ཡོད་པའི་གཡོ་ཇུས་ཡང་བསྐྱར་བདེན་དཔང་བྱས་ཡོད་ཟེར། ཁོས་བཤད་རྒྱུར། དབྱི་སི་རལ་གྱི་འགུལ་སྐྱོད་དེས་ང་ཚོའི་ས་ཁུལ་ཟང་ཟིང་རྙོག་འཛིང་གི་གནས་སུ་བསྒྱུར་བཞིན་ཡོད་ཟེར།
ཐུར་ཁེའི་ཤར་ངོས་སུ་དབྱི་ལིང་དང་འདབས་འབྲེལ་དུ་ཡོད་པའི་རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ་ལྔ་བརྒྱ་ལྷག་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།