ཁི་ལི་མུའུ་ལིན་ཕོ་བྲང་དྲ་ཚིགས་ཀྱིས་ཚེས18ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་མུའུ་ཧན་མའོ་ཏི་ལ་ཁ་པར་བཏང་སྟེ་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་དབྱི་སི་རལ་དང་དབྱི་ལིང་གིས་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་བར་འདུམ་བྱེད་རྩིས་ཡོད་པར་མ་ཟད། འདོད་བློ་དེའི་ཐད་ནས་རྒྱལ་ཁབ་མང་བོའི་འགོ་ཁྲིད་པའི་བར་གྲོས་བསྡུར་བྱས་ཡོད་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་དེ་བསྟུད་མར་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། གནས་བབ་དེ་ལས་ས་ཁུལ་ཧྲིལ་བོར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་སྲིད་པར་འདོད། ཨུ་རུ་སི་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ངེས་པར་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དགོས་པ་ནན་བཤད་བྱས་པ་དང་། ཞོར་དུ་ཆབ་སྲིད་དང་ཕྱི་འབྲེལ་གྱི་བྱ་བར་ཤུགས་སྣོན་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དང་འབྲེལ་བ་ཡོད་པའི་རྩོད་གཞིར་གྱུར་བའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།
ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་སྐབས་ཉེར་བརྒྱད་པའི་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྟེང་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིའི་ཐད་ནས་གྲོས་མོལ་བྱས་ཏེ་བར་འདུམ་བྱེད་འདོད་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱི་དམིགས་ཡུལ་ནི་ཨུ་རུ་སིའི་བར་འདུམ་འོག་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གྲུབ་འབྲས་ལོན་པར་བྱེད་རྒྱུ་དེ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།