མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལིང་གི་འཐུས་ཚབ་ཚོགས་པས་ཚེས18ཉིན་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁར་གྲོས་མོལ་བྱེད་པའི་རེ་ཞུ་བཏོན་མྱོང་མེད་པ་དང་། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་འབྲེལ་ཡོད་གཏམ་བཤད་དེ་རྫུན་གཏམ་རེད་ཟེར།
ཐི་ལིང་ཕུའུ་ཡིས་ཚེས18ཉིན་ཕོ་བྲང་དཀར་པོ་ནས་དབྱི་སི་རལ་དང་དབྱི་ལིང་གི་དམག་དོན་འཁྲུག་རྩོད་ཐད་ནས་སྨྱན་བྱད་ལ་བཤད་རྒྱུར། དབྱི་ལིང་གིས་གྲོས་མོལ་བྱེད་འདོད་ཡོད་པར་མ་ཟད་ཕོ་བྲང་དཀར་པོར་ཡོང་ནས་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན་ཡོད་ཟེར། དོན་དེའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལིང་གི་འཐུས་ཚབ་ཚོགས་པས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་གི་དཔོན་རིགས་ཀྱིས་ཕོ་བྲང་དཀར་པོའི་མདུན་ནས་གུས་གུས་ཞུམ་ཞུམ་གྱིས་རེ་ཞུ་བྱས་མྱོང་གཏན་ནས་མེད་པ་དང་། དབྱི་ལིང་གིས་བཙན་སྐུལ་འོག་གྲོས་མོལ་བྱེད་མི་སྲིད་ལ། བཙན་སྐུལ་འོག་ཞི་བདེ་དང་ལེན་བྱེད་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།