ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལའེ་ཝེ་ཐི་ཡིས་ཚེས19ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་མ་འོངས་པའི་གཟའ་འཁོར་གཉིས་ནང་ཨ་མེ་རི་ཁའི་དམག་དཔུང་ལ་བཀའ་རྒྱ་བཏང་སྟེ་དབྱི་ལིང་ལ་ཆམ་ཕབ་གཏོང་མིན་ཐག་གཅོད་བྱེད་རྒྱུ་རེད་ཟེར།
ལའེ་ཝེ་ཐི་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཐི་ལིང་ཕུའུ་ཡི་གསལ་སྒྲོག་ཅིག་སྒྲོག་འདོན་བྱས། ཐི་ལིང་ཕུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་མེ་རི་ཁས་མ་འོངས་པར་དབྱི་ལིང་བར་གྲོས་མོལ་བྱེད་པའམ་གྲོས་མོལ་རྩིས་མེད་དུ་གཏོང་ཡང་སྲིད། ངས་མ་འོངས་པའི་གཟའ་འཁོར་གཉིས་ནང་དབྱི་ལིང་ལ་ཆམ་ཕབ་གཏོང་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། ལའེ་ཝེ་ཐི་ཡིས་བསྐྱར་སྒྲོག་བྱས་དོན། ཐི་ལིང་ཕུའུ་ཡི་ལངས་ཕྱོགས་ནི་དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་ཡོད་མི་རུང་བ་དང་། ངེས་པར་དུ་ཨ་མེ་རི་ཁའི་བར་གྲོས་མཐུན་འགོད་དགོས་པ་དེ་ཡིན་ཟེར།
ལའེ་ཝེ་ཐི་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་གིས་མུ་མཐུད་དུ་འབྲེལ་འདྲིས་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།