དབྱི་ལིང་གིས་དབྱི་སི་རལ་གྱི་འཕུར་མདའི་འགན་སྲུང་མ་ལག་སོགས་དམག་དོན་དམིགས་འབེན་ལ་ཆམ་ཕབ་བཏང་བའི་ཚུལ་བསྟན།
2025.06.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་གིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་དབྱི་སི་རལ་ལ་སྐོར་ཐེངས་བཅོ་ལྔ་བའི་ཆམ་ཕབ་བཏང་བ་དང་། འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་དང་ཧེ་ཧྥ་ཡི་འཕུར་མདའི་འགོག་སྲུང་མ་ལག་སོགས་དམག་དོན་དམིགས་འབེན་ལ་ཆམ་ཕབ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་གིས་ད་རུང་དབྱི་སི་རལ་གྱི་དམག་དོན་བཟོ་སྐྲུན་ལྟེ་གནས་རེ་འགར་ཆམ་ཕབ་བཏང་ཡོད་ཟེར།

གསར་འགོད་པས་ཚེས19ཉིན་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ཡེ་ལུའུ་སཱ་ལེམ་ནས་མཁའ་སྲུང་ཉེན་བརྡ་དང་འགས་གཏོར་གྱི་སྒྲ་གསལ་བོར་ཐོས་པ་དང་། གསར་འགོད་པའི་ཁ་པར་དུ་སྒྲིག་སྦྱོར་བྱས་པའི་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། དབྱི་སི་རལ་གྱི་ས་ཁུལ་མང་ཆེ་བར་མཁའ་སྲུང་ཉེན་བརྡ་བཏང་ཡོད་པ་རེད།

གཞན་ཡང་དབྱི་སི་རལ་དམག་ཕྱོགས་དང་མྱུར་སྐྱོབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་གིས་ཚེས19ཉིན་གྱི་སྔ་དྲོར་དབྱི་སི་རལ་ལ་སྐོར་ཐེངས་གསར་བའི་འཕུར་མདའི་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་ལ་འཕུར་མདའ་སུམ་ཅུ་ཙམ་གཏོང་འཕེན་བྱས་ཡོད་ལ། ལྷོ་ཕྱོགས་དང་དབུས་ཕྱོགས་ས་ཁུལ་དུ་མི་བཅུ་ཕྲག་འགར་རྨས་ཕོག་ཡོད། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཕུབ་ཆེན་དམར་པོ་ཞེས་པས་བཤད་རྒྱུར། མིག་སྔར་མི40ལྷག་ལ་འཕུར་མདའི་འཇབ་རྒོལ་ཁྲོད་རྨས་ཕོག་ཡོད་པ་དང་། དེའི་ནང་མི་གསུམ་གྱི་རྨས་སྐྱོན་ཚབས་ཆེན་ཡིན་ལ། གཞན་ཡང་མི་བཅོ་བརྒྱད་ཉེན་ཡོལ་བྱེད་སར་འབྲོ་བའི་ལམ་བར་ནས་རྨས་ཕོག་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།