དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས19ཉིན་དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཚང་མ་གཏོར་བཤིག་གཏོང་བའི་ནུས་པ་ཡོད་པ་དང་། དེའི་ནང་རི་ཁུལ་གྱི་ཧྥུའུ་ཨར་ཏའོ་ས་འོག་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱང་འདུས་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་གི་འཕུར་མདའི་གཏོང་འཕེན་སྒྲིག་ཆས་ཕྱེད་ཀའི་ཡན་གཏོར་བཤིག་བཏང་ཡོད། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དབྱི་ལིང་གི་བར་སྣང་འཇབ་རྒོལ་ནང་ཞུགས་མིན་ཐག་གཅོད་བྱས་ཀྱང་མ་བྱས་རུང་། དབྱི་སི་རལ་གྱིས་དམིགས་འབེན་ཚང་མར་ཆམ་ཕབ་བཏང་ནས་མེད་པར་གཏོང་བའི་ནུས་པ་ཡོད་ལ། དེའི་ནང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཚང་མ་འདུས་ཡོད་ཟེར།
ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལའེ་ཝེ་ཐི་ཡིས་ཉིན་དེའི་སྔ་དྲོར་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་མ་འོངས་པའི་གཟའ་འཁོར་གཉིས་ནང་ཨ་མེ་རི་ཁའི་དམག་མིར་བཀའ་རྒྱ་བཏང་ནས་དབྱི་ལིང་ལ་ཆམ་ཕབ་གཏོང་མིན་ཐག་གཅོད་བྱེད་རྒྱུ་རེད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་འགུལ་སྐྱོད་སྤེལ་བ་ནི་དབྱི་ལིང་སྲིད་དབང་རྩ་རྫོགས་བྱེད་འདོད་པ་མིན་ཡང་། མཇུག་འབྲས་དེ་འདྲ་མི་འབྱུང་བའི་ངེས་པའང་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།