སྐབས་བཅུ་དགུ་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཕྲིན་གཏོང་ཁང་རྩ་འཛུགས་ཀྱི་ཚོགས་ཆེན་ཚེས19ཉིན་ཨུ་རུ་སིའི་ཧྲིན་པིས་ཏི་པའོ་ནས་ཚོགས་མགོ་བརྩམས། ཚོགས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་སྐབས་སུ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕྲིན་གཏོང་ཁང་ནས་ཡོང་བའི་འཐུས་མིས་གསར་འགྱུར་འཕྲིན་གཏོང་ཁང་གིས་འཛམ་གླིང་གི་འགྱུར་ལྡོག་དང་ལག་རྩལ་འགྲན་རྩོད་ཇི་ལྟར་ཐག་གཅོད་བྱེད་པའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད།
ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་མགོ་རྩོམ་མཛད་སྒོའི་སྟེང་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚོགས་ཆེན་ལ་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། ཕུའུ་ཅིན་གྱིས་བསྟན་དོན། མིག་སྔར་དངོས་ཡོད་དང་མཐུན་ཞིང་དུས་མ་ཡོལ་བའི་ཆ་འཕྲིན་དེ་རྒྱལ་ཁབ་སོ་སོ་དང་མི་དམངས་བར་གྱི་ཕན་ཚུན་རྒྱུས་ལོན་ལ་ཤུགས་སྣོན་པར་གལ་འགངས་ཧ་ཅང་ཆེ། འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་འཕྲིན་གཏོང་ཁང་གི་མཉམ་འབྲེལ་ཚོགས་པ་ཞིག་ཡིན་པའི་ཆ་ནས། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཕྲིན་གཏོང་ཁང་རྩ་འཛུགས་ཀྱིས་ལོ་མང་བོའི་རིང་ལ་འཛམ་གླིང་ཡོངས་ཀྱི་གསར་འགྱུར་སྒྲོག་སྤེལ་ཐད་ནས་གོ་གནས་གལ་ཆེན་ཟིན་ཡོད། སྐབས་འདིའི་ཚོགས་ཆེན་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་བརྗེ་རེས་བྱེད་པ་དང་། མདུན་ལྗོངས་རྒྱ་ཆེ་བའི་མཉམ་ལས་ལས་གཞི་གཏན་འབེབས་བྱེད་པར་གྲོས་བསྡུར་བྱས་ཏེ། གཉིས་ཕན་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་བར་རེ་བཞིན་ཡོད་ཟེར།
ཞིན་ཧྭ་གསར་འགྱུར་འཕྲིན་གཏོང་ཁང་གི་ཧྲེ་ཀྲང་ཧྥུའུ་ཧྭ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ནི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བའི་སྣེ་ཁྲིད་པ་དང་། འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་ལྟེ་གནས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གཏན་འཇགས་གཏིང་རྡོ་དང་མཉམ་ལས་མཐོ་ས་ཡིན་པས། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་སྐབས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར། ཞིན་ཧྭ་གསར་འགྱུར་ཁང་གིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕྲིན་གཏོང་ཁང་གིས་ལག་རྡང་སྦྲེལ་ནས་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། དཀྱེལ་ཡངས་དར་སྤེལ་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མཉམ་རྒྱལ་ལ་རོགས་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་། ཞིན་ཧྭ་གསར་འགྱུར་ཁང་གིས་ཟོལ་མེད་ཀྱིས་འགན་འཁྲི་ལག་བསྟར་བྱས་ཤིང་། ཁོངས་གཏོགས་ལས་ཁུངས་སོ་སོའི་བར་གྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། འཛམ་གླིང་སྨྱན་བྱད་རྩེ་ཚོགས་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྨྱན་བྱད་རིག་མཛོད་མཐོ་རིམ་གླེང་སྟེགས། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་འཕྲིན་གཏོང་ཁང་གི་གླེང་སྟེགས་སོགས་ཕྱོགས་མང་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱས་ནས། འཕྲིན་གཏོང་ཁང་གི་བརྗེ་རེས་འཕེལ་རྒྱས་ཀྱི་ལེའུ་གསར་བ་མཉམ་འབྲི་བྱེད་དགོས་ཟེར།
ཐཱ་སི་གསར་འགྱུར་ཁང་གི་ཧྲེ་ཀྲང་ཁུང་ཏི་ལཱ་ཧྲའོ་ཧྥུའུ་ཡིས་བསྟན་དོན། འཛམ་གླིང་དེ་བཅོས་བསྒྱུར་ཟབ་མོ་དང་ཆ་འཕྲིན་ཁོར་ཡུག་ཚུལ་བསྒྱུར་གྱི་གནད་འགག་གི་དུས་སྐབས་སུ་གནས་ཡོད་ཅིང་། དྲ་རྒྱའི་འཇིགས་ཉེན་དང་ཆ་འཕྲིན་རྫུན་མས་མང་ཚོགས་ཀྱི་སྨྱན་བྱད་ཀྱི་ཡིད་ཆེས་ལ་ཉམས་སད་བྱེད་བཞིན་ཡོད་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕྲིན་གཏོང་ཁང་གིས་བརྗེ་རེས་དང་མཉམ་ལས་ཟབ་མོ་བྱེད་པ་དང་། མིས་བཟོས་རིག་ནུས་དང་གཞི་གྲངས་ཆེན་མོ་བེད་སྤྱོད་གང་ལེགས་བྱེད་པ་སོགས་ལག་རྩལ་གསར་བས་སྨྱན་བྱད་ཐོན་ལས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་མཉམ་དུ་གྲོས་བསྡུར་བྱེད་དགོགས། དེས་རང་སྟེང་གི་འཕེལ་རྒྱས་ལ་རོགས་འདེགས་བྱེད་ཐུབ་པར་མ་ཟད། ས་ཁུལ་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་དང་དར་རྒྱས་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་དྲིལ་སྒྲོག་ལས་དོན་གྱི་གཙོ་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཧྥོ་ལའེ་མེན་གྱིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མིག་སྔའི་འཛམ་གླིང་ཟང་ཟིང་ཆེ་ཞིང་བདེ་འཇགས་མིན། གསར་འགྱུར་ལས་ཁུངས་དང་ལས་གཉེར་མི་སྣ་དག་འགྲན་རྩོད་ཚབས་ཆེན་མང་བོར་འཕྲད་ཡོད་པས། སྨྱན་བྱད་ཀྱི་གྲོས་མོལ་དང་བརྗེ་རེས་ལ་ཤུགས་སྣོན་པར་གལ་འགངས་ཧ་ཅང་ཆེ་ཟེར། རྒྱལ་ཁབ་སོ་སོའི་གསར་འགྱུར་དང་མི་ཆོས་ཀྱི་ཀུན་སྤྱོད་བརྩི་སྲུང་བྱེད་པའི་ཞོར་དུ་འཛམ་གླིང་ཡོངས་ཀྱི་མང་ཚོགས་ལ་སྔར་ལས་རིན་ཐང་ལྡན་ཞིང་དྲང་ཕྱོགས་ནུས་ཚད་ལྡན་པའི་གསར་འགྱུར་ཆ་འཕྲིན་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།
ཡོ་ནན་འཕྲིན་གཏོང་ཁང་གི་ཧྲེ་ཀྲང་ཝུའུ་ཡའོ་ཀྲོང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མིག་སྔའི་འཛམ་གླིང་དུ་འགྱུར་ལྡོག་ཆེ་ཞིང་ལག་རྩལ་གྱི་བཅོས་བསྒྱུར་ཉིན་རེ་བཞིན་གསར་བསྒྱུར་བྱེད་བཞིན་ཡོད། གསར་འགྱུར་འཕྲིན་གཏོང་ཁང་དེ་ཆ་འཕྲིན་གཙོ་བོའི་ཡོང་ཁུངས་ཡིན་པའི་ཆ་ནས། ཡང་དག་དང་དུས་ལྟར་ཆ་འཕྲིན་སྒྲོག་སྤེལ་བྱེད་པར་འགན་སྲུང་བྱེད་པའི་ཞོར་དུ། ལག་རྩལ་བཅོས་བསྒྱུར་ལ་བརྟེན་ནས་ཆ་འཕྲིན་གྱི་ཕན་ནུས་མཐོར་འདེགས་གཏོང་དགོས། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་སྤྱིའི་གར་སྟེགས་ནུས་པ་ཉིན་རེ་བཞིན་འབུར་ཐོན་དུ་མངོན་པ་དང་། ས་ཁུལ་གྱི་འཕྲིན་གཏོང་ཁང་གིས་ས་ཁུལ་རང་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་སྔར་ལས་སྟོབས་དང་ལྡན་པའི་འབོད་སྐུལ་གཏོང་དགོས། དེ་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕྲིན་གཏོང་ཁང་གི་ཕྲག་ཏུ་བབས་པའི་ཐུན་མོང་འགན་འཁྲི་ཡིན་ཟེར།
ཧཱ་སག་སི་ཐན་གྱི་རྒྱང་སྒྲོག་བརྙན་འཕྲིན་ཕྱོགས་བསྡུས་ཚོགས་པའི་ཙུང་ཚེ་ཅཱ་ཨར་ཅིན་ནོའུ་ཧྥུའུ་ཡིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་གསར་འགྱུར་སྨྱན་བྱད་དེ་ཐུན་མོང་གི་འགྲན་རྩོད་མང་བོར་འཕྲད་ཡོད་པ་དང་། མཉམ་ལས་དང་བརྗེ་རེས་ལ་བརྟེན་ནས་འགྲན་རྩོད་ཐག་གཅོད་བྱེད་པ་དང་གོ་སྐབས་འདོན་སྤྲོད་བྱེད་དགོས། གསར་འགྱུར་ལས་ཁུངས་ཀྱིས་ཆ་འཕྲིན་སྒྲོག་སྤེལ་གྱི་འགན་འཁྲི་ལག་བསྟར་བྱེད་དགོས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་འཕེལ་རྒྱས་དང་སྲིད་ཇུས་གཏན་འབེབས་ལ་ཤུགས་རྐྱེན་ཐེབས་པར་བྱེད་དགོས་ཟེར།
ཚོགས་ཆེན་སྐབས་སུ་ཚོགས་ཞུགས་འཐུས་མི་དག་གིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཕྲིན་གཏོང་ཁང་རྩ་འཛུགས་ཀྱི་པར་རིས་འགྲེམ་སྟོན་དང་ཞིན་ཧྭ་གསར་འགྱུར་ཁང་གི་པར་རིས་བརྩམས་ཆོས་ཀྱི་འགྲེམ་སྟོན་ལ་བལྟས།
བསོད་ནམས་ཚེ་རིང་གིས་བསྒྱུར།