ཚེས19ཉིན་གྱི་དགོང་མོར། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ན་དབྱི་མུའུ·ཁ་ཞི་མུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ང་ཚོས་འོས་འཚམ་གྱི་འགུལ་སྐྱོད་སྤེལ་ནས། མནའ་འབྲེལ་གྲོགས་པོའི་རྒྱལ་ཁབ་དབྱི་ལིང་དང་དབྱི་སི་རལ་བར་གྱི་གདོང་ཐུག་ལ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བཤད།
གསལ་བསྒྲགས་ལས་ཀྲིན་ཀྲུའུ་ཏང་གིས་གདོང་ཐུག་དེའི་ཁྲོད་བར་གནས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པར་མ་ཟད། ཐེངས་འདིའི་གདུག་རྩུབ་ཆེ་བའི་བཙན་འཛུལ་བྱ་སྤྱོད་ལ་འོས་འཚམ་གྱི་འགུལ་སྐྱོད་སྤེལ་རྒྱུ་ཡིན་པར་བསྟན་ཡོད།
ཚེས19ཉིན། ལེ་པ་ནོན་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་རིའི་སི་རི་ཡའི་གནད་དོན་གྱི་དམིགས་བསལ་ཕོ་ཉ་པ་ལ་ཁི་ཡིས་སྨྱན་བྱད་ཀྱི་དྲི་བར་ལན་འདེབས་སྐབས། གལ་སྲིད་ཀྲིན་ཀྲུའུ་ཏང་དབྱི་ལིང་དང་དབྱི་སི་རལ་བར་གྱི་གདོང་ཐུག་ཁྲོད་ཞུགས་ཚེ། དེ་ནི་ཧ་ཅང་མི་ལེགས་པའི་ཐག་གཅོད་ངན་པ་ཞིག་ཡིན་པར་བསྟན་ཡོད། པ་ལ་ཁི་ཡིས་ཉེ་སྔོན་ཀྲིན་ཀྲུའུ་ཏང་གདོང་ཐུག་དེའི་ཁྲོད་མི་ཞུགས་རྒྱུའི་སྐུལ་མ་གཏོང་མྱོང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།