དབྱི་ལིང་གི་འཕུར་མདེལ་གྱིས་དབྱི་སི་རལ་གྱི་དམག་དོན་དམིགས་འབེན་མང་པོར་རྡུང་རྡེག་བཏང་པ་ལས་མི23ལ་རྨས་སྐྱོན་ཕོག
2025.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན། དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་ལ་རྡུང་རྡེག་འགུལ་སྐྱོད་ཐེངས་བཅུ་བདུན་པ་སྤེལ་བའི་དམིགས་འབེན་ཁྲོད་དབྱི་སི་རལ་གྱི་རྒྱལ་སྲུང་བཟོ་ལས་སྒྲིག་བཀོད་དང་། བཀོད་འདོམས་ཚོད་འཛིན་ལྟེ་གནས། མཁའ་དམག་རྟེན་གཞི་སོགས་འདུས་ཡོད་ཅེས་ཁྱབ་བསྒྲགས་བྱས། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཀྱིས་ཐེངས་འདིའི་དབྱི་ལིང་གི་འཕུར་མདེལ་འཇབ་རྒོལ་ཁྲོད་ཉུང་མཐར་ཡང་མི23ལ་རྨས་སྐྱོན་ཕོག་ཡོད་པར་བཤད།

ཚེས20ཉིན་དབྱི་ལིང་གི་མའེ་ཧི་ཨར་གསར་འགྱུར་ཁང་གིས་དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་གི་གསལ་བསྒྲགས་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་ཐེ་ལ་ཝའེ་ཧྥུའུ་དང་། ཧའེ་ཧྥ། པེ་ཨེར་ཞེ་པ་སོགས་གྲོང་ཁྱེར་ལ་གནད་འཁེལ་རྡུང་རྡེག་བཏང་པ་དེས་དབྱི་ལིང་གི་མདེལ་ལམ་འཕུར་མདེལ་གྱི་ཕར་རྒོལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་པ་མཚོན་ཡོད་ཟེར།

《དབྱི་སི་རལ་གྱི་སྐབས་དོན་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་ཐེངས་དེའི་ཕར་རྒོལ་ཁྲོད། དབྱི་ལིང་གིས་ཉུང་མཐར་ཡང་མདེལ་ལམ་འཕུར་མདེལ25འཕེན་གཏོང་བྱ་རྒྱུ་ཡིན་པར་ཚོད་དཔག་རགས་ཙམ་བྱས་ཡོད་ཟེར།

དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཀྱིས་ཐེངས་འདིའི་དབྱི་ལིང་གི་འཕུར་མདེལ་འཇབ་རྒོལ་ཁྲོད་ཉུང་མཐར་ཡང་མི23ལ་རྨས་ཕོག་ཡོད་པ་དང་། དེའི་ནང་མི3གྱི་རྨས་སྐྱོན་ཚབས་ཆེ་ཞིང་། བུད་མེད་གཞན་ཞིག་ལ་མཁའ་རྒོལ་འགོག་སྲུང་གི་དོང་ནང་དུ་གློ་བུར་དུ་སྙིང་ནད་བྱུང་ནས་རོགས་སྐྱོབ་མི་སྣས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཚེ་ལས་འདས་ཟེར།

ཚེས20ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་བློ་འདོན་པ་ཀྲ་སྨི་ཨེར་གྱིས་བརྙན་ལམ་གྱི་གསལ་བསྒྲགས་ཤིག་གི་ནང་དུ། དབྱི་སི་རལ་གྱིས་ངེས་པར་དུ་ཡུན་རིང་དམག་འཐབ་ལ་གྲ་སྒྲིག་ལེགས་པོ་བྱས་རྗེས་དབྱི་ལིང་གི་འཇིགས་སྐུལ་མེད་པར་བཟོ་རྒྱུ་ཡིན་ཞེས་བཤད་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།