ཚེས20ཉིན། ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་གཟའ་འཁོར་གཉིས་ཀྱི་དུས་ཡུན་ནི་ཁོས་དབྱི་ལིང་ལ་ཨ་རིའི་དམག་དོན་གྱིས་རྡུང་རྡེག་མི་གཏོང་བའི་དུས་ཡུན་རིང་ཤོས་དེ་ཡིན་ཞེས་བཤད། ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། སྐད་ཆ་དེ་ཡིས་ཐི་ལིང་ཕུའུ་ཡིས་གཟའ་འཁོར་གཉིས་ཀྱང་མི་འགོར་བར་དབྱི་ལིང་ལ་མཁའ་རྒོལ་བྱེད་མིན་ཐག་གཅོད་བྱེད་སྲིད་ཅེས་གསང་བརྡ་བཏང་བ་རེད་ཟེར།
ཐི་ལིང་ཕུའུ་ཉིན་དེར་ཞིན་ཙེ་ཞིས་ས་ཁུལ་དུ་ཆབ་སྲིད་ཀྱི་མ་དངུལ་གྲབས་གསོག་བྱེད་པའི་བྱ་འགུལ་ཞིག་ལ་ཞུགས་པའི་སྔོན་དུ་གོང་གི་སྐད་ཆ་དེ་བཤད་པ་རེད། ཚེས19ཉིན་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལའེ་ཝའེ་ཐི་ཡིས་ཐི་ལིང་ཕུའུ་ཡིས་གཟའ་འཁོར་རྗེས་མ་གཉིས་ཀྱི་ནང་དུ་ཨ་རིའི་དམག་དཔུང་ལ་དབྱི་ལིང་ལ་རྡུང་རྡེག་གཏོང་དགོས་པའི་བཀའ་གཏོང་མིན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད། རྒྱལ་སྤྱིའི་སྨྱན་བྱད་ཀྱིས་དེ་ནི་ཐི་ལིང་ཕུའུ་ཡིས་གྲོས་མོལ་བྱས་པ་བརྒྱུད་ནས་དབྱི་སི་རལ་དང་དབྱི་ལིང་བར་གྱི་དམག་དོན་གདོང་ཐུག་མཇུག་བསྒྲིལ་བར་གཟའ་འཁོར་གཉིས་ཀྱི་དུས་ཚོད་བྱིན་པར་ངོས་འཛིན་བྱེད་ཀྱི་ཡོད།
གསར་འགོད་པས་གྲོས་མོལ་བྱེད་སྐབས་དབྱི་སི་རལ་དང་དབྱི་ལིང་བར་གྱི་དམག་འཁྲུག་མཚམས་འཇོག་པར་རྒྱབ་སྐྱོར་བྱེད་མིན་སྐོར་འདྲི་སྐབས། ཐི་ལིང་ཕུའུ་ཡིས་གནས་ཚུལ་ལ་གཞིགས་ནས་རྒྱབ་སྐྱོར་བྱེད་སྲིད་ཅེས་བཤད་པ་རེད། འོན་ཀྱང་ཁོས་དེ་དང་ཆབས་ཅིག་དབྱི་སི་རལ་གྱིས་དབྱི་ལིང་ལ་མཁའ་རྒོལ་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།