དབྱི་ལིང་གི་རྡུང་རྡེག་ཁྲོད་དབྱི་སི་རལ་གྱི་མི1300ཙམ་ཤི་རྨས་བྱུང་ཡོད།
2025.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས21ཉིན། དབྱི་སི་རལ་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས། ས་དེའི་དུས་ཚོད20(པེ་ཅིང་གི་དུས་ཚོད་ཚེས22ཉིན་གྱི་དུས་ཚོད1)བར་དབྱི་ལིང་གིས་འཕངས་པའི་འཕུར་མདེལ་དང་མི་མེད་གནམ་གྲུའི་རྡུང་རྡེག་ཁྲོད་མི24རྐྱེན་ལམ་དུ་ཤོར་བ་དང་མི1272ལ་རྨས་ཕོག་ཡོད། དབྱི་སི་རལ་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན།  དབྱི་ལིང་གིས་གནས་དེར་འཕུར་མདེལ450ལྷག་ཙམ་འཕངས་ཡོད་པ་རེད། ཚེས21ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཨ་ཏེ་ལེ་ཡིས་བརྙན་ལམ་ནས་གསལ་བསྒྲགས་སྤེལ་ཏེ།  མིག་སྔར་དབྱི་སི་རལ་གྱི་དམག་དཔུང་གིས་ཁྱབ་ཁོངས་ཚང་མའི་དམག་འཐབ་ཀྱི་གྲུབ་འབྲས་རྒྱ་ཆེར་བཏང་ཡོད་ཅེས་བཤད།  ཉིན་དེའི་དགོང་མོར་དབྱི་སི་རལ་གྱི་དམག་དཔུང་གིས་དམག་འཐབ་གནམ་གྲུ60ཙམ་སྤྱད་དེ་དབྱི་ལིང་མངའ་ཁོངས་ཀྱི་ས་ཆ་མང་པོར་རྡུང་རྡེག་བཏང་ནས། དབྱི་ལིང་གི་འཕུར་མདེལ་ཐོན་སྐྱེད་སྦྲེལ་ཐག་ལ་གཏོར་བཤིག་བཏང་སྟེ་འཕུར་མདེལ་འཕེན་གཏོང་ནུས་པ་ཉམས་ཞན་དུ་བཏང་ཟེར།

ཨ་ཏེ་ལེ་ཡིས་ད་དུང་འདས་ཟིན་པའི་གཟའ་འཁོར་གཅིག་གི་ནང་དབྱི་ལིང་གིས་དབྱི་སི་རལ་ལ་མི་མེད་གནམ་གྲུ1000ལྷག་ཙམ་བཏང་མོད། འོན་ཀྱང་ཉུང་ཤས་ཤིག་མ་གཏོགས་དབྱི་སི་རལ་གྱི་མངའ་ཁོངས་བར་སྣང་དུ་འཛུལ་མེད། མི་མེད་གནམ་གྲུ་བཀག་འགོག་བྱས་པ་ཕུད། དབྱི་སི་རལ་གྱི་དམག་དཔུང་གིས་ད་དུང་དབྱི་ལིང་གི་མི་མེད་གནམ་གྲུའི་བཀོད་འདོམས་སྦྲེལ་ཐག་ལ་མ་ལག་རང་བཞིན་གྱི་རྡུང་རྡེག་བཏང་ནས་མི་མེད་གནམ་གྲུ950ཙམ་གཏོར་བརླག་བྱས་ཟེར།

ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་ལྷོ་རྒྱུད་ཀྱི་ཨ་པ་སི་གྲུ་ཁར་མཁའ་རྒོལ་བྱས་པ་དང་། དེའི་དམིགས་ཡུལ་ནི་མི་མེད་གནམ་གྲུའི་མཛོད་ཁང་དང་བཅས་པའི་མཚོན་ཆའི་སྒྲིག་ཆས་སྐོར་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།