ཚེས21ཉིན། དབྱི་ལིང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་གིས་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་ལ་ཁ་པར་གཏོང་སྐབས། དབྱི་ལིང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་ལོངས་སུ་སྤྱོད་པའི་ཞི་བདེའི་ངང་ཉིང་རྡུལ་ནུས་པ་སྤྱོད་པའི་དབང་ཆ་གཏན་ནས་དོར་མི་སྲིད་ཅེས་བཤད།
ཚེས21ཉིན་དབྱི་ལིང་གི་སྲིད་འཛིན་ཕོ་བྲང་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན། ཕེ་ཙེ་ཞི་ཆི་དབྱང་གིས་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་གཏོང་བའི་ཐབས་ལམ་ གཏན་ནས་འཚོལ་ཞིབ་བྱེད་ཀྱི་མེད་པ་གསལ་བཤད་ཐེངས་མང་བྱས་ཡོད། དབྱི་ལིང་གིས་ཞི་བདེའི་ངང་ཉིང་རྡུལ་ནུས་པ་བེད་སྤྱོད་བྱ་རྒྱུའི་ཐད་གྲོས་མོལ་དང་མཉམ་ལས་བྱེད་འདོད་ཡོད་མོད། འོན་ཀྱང་ཉིང་རྡུལ་སྐོར་གྱི་བྱ་འགུལ་ཚང་མ་མཚམས་འཇོག་དགོས་པའི་བླང་བྱ་གཏན་ནས་དང་ལེན་བྱེད་རྒྱུ་མིན་པར་བསྟན།
ཕེ་ཙེ་ཞི་ཆི་དབྱང་གིས་དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་ཕར་རྒོལ་བྱས་ནས། མངོན་སུམ་འཛེམ་མེད་ངང་རྒྱལ་སྤྱིའི་ཚད་གཞི་ལས་འགལ་ཏེ་ས་ཁུལ་ཧྲིལ་པོ་གཡོ་འགུལ་གྱི་གནས་སུ་གྱར་ཡོད། དབྱི་ལིང་གིས་དབྱི་སི་རལ་གྱི་རྒྱུན་མཐུད་བཙན་འཛུལ་ལ་སྔར་ལས་ནུས་ལྡན་དང་བློ་ཐག་ཆོད་པའི་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།
ཕེ་ཙེ་ཞི་ཆི་དབྱང་གིས་དབྱི་ལིང་གིས་གྲོས་མོལ་བྱས་པ་བརྒྱུད་ནས་གནད་དོན་ཐག་གཅོད་བྱེད་འདོད་ཡོད་མོད། འོན་ཀྱང་རྣམ་པ་གང་རུང་གི་གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་ཚང་མ་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་དང་མཐུན་དགོས་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།