ཀྲ་ཏེ་ལྷོ་ནུབ་རྒྱུད་དུ་གཏུམ་སྤྱོད་གདོང་ཐུག་བྱུང་ནས་མི18རྐྱེན་ལམ་དུ་ཤོར་བ་དང་མི17ལ་རྨས་ཕོག
2025.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས21ཉིན་གྱི་དགོང་མོར་ཀྲ་ཏེ་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས་19ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་ཞི་ཁའེ་པིས་ཧི་ཞིང་ཆེན་དུ་གཏུམ་སྤྱོད་གདོང་ཐུག་བྱུང་ནས་མི18རྐྱེན་ལམ་དུ་ཤོར་བ་དང་མི17ལ་རྨས་ཕོག་ཡོད་ཟེར།

ཀྲ་ཏེ་སྲིད་གཞུང་གིས་དྲག་ཤུགས་དོན་རྐྱེན་དེ་རིགས་ལ་རྒོལ་གཏམ་དྲག་པོ་བཏང་ཡོད།

སྤྱི་བསྒྲགས་ལས་བཤད་རྒྱུར། ཀྲ་ཏེ་ཡི་ཙུང་ལི་ཧ་ལིས་ན་ཡིས་འབྲེལ་ཡོད་སྲིད་གཞུང་གི་པུའུ་ཀྲང་ཡུལ་དངོས་སུ་མངགས་ནས་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་རྒྱབ་སྐྱོར་བྱེད་པ་དང་ས་གནས་དེའི་སྒྲིག་ལམ་སླར་གསོ་བྱེད་པར་མཛུབ་སྟོན་བྱས།

སྤྱི་བསྒྲགས་ལས་བཤད་རྒྱུར།  མིག་སྔར་ཐེངས་འདིའི་གཏུམ་སྤྱོད་དོན་རྐྱེན་ཁྲོད་ཞུགས་པའི་དོགས་ཡོད་མི་སྣ20འཛིན་བཟུང་བྱས་ཡོད་པ་རེད། སྤྱི་བསྒྲགས་ལས་གདོང་ཐུག་ཕྱོགས་ཁག་གི་ཐོབ་ཐང་གླེང་མེད།

ཀྲ་ཏེ་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་གཏུམ་སྤྱོད་དོན་རྐྱེན་ནི་ཚོ་བའི་བར་གྱི་གདོང་ཐུག་ཡིན་སྲིད་པ་དང་རྐྱེན་ལམ་དུ་ཤོར་མཁན་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད་ཟེར།

ཉེ་ལམ་ཀྲ་ཏེ་རུ་གཏུམ་སྤྱོད་གདོང་ཐུག་རྒྱུན་དུ་བྱུང་བཞིན་ཡོད།   ཟླ5པ་ནས་བཟུང་གཏུམ་སྤྱོད་དོན་རྐྱེན་ཚབས་ཆེན་ཐེངས་མང་བྱུང་བ་དང་ཁྱོན་སྡོམ་མི70ལྷག་ཙམ་གདོང་ཐུག་ཁྲོད་རྐྱེན་ལམ་དུ་ཤོར།

གཡང་འབུམ་རྒྱལ་གྱིས་བསྒྱུར།