ཚེས20ཉིན།ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཨ་རིའི་རྒྱལ་ཁབ་གསང་འཕྲིན་སྤྱི་ཁྱབ་ལྟ་ཞིབ་པ།ཐུའུ་ཨེར་ཞིན·ཅ་པ་ཏི་ཡི་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་བཟོ་བཞིན་ཡོད་པ་མཚོན་པའི་དཔང་རྟགས་མེད་པའི་བཤད་ཚུལ་དེ་ནི་ནོར་འཁྲུལ་ཞིག་རེད་ཅེས་བཤད།
ཐི་ལིང་ཕུའུ་ཉིན་དེར་ཞིན་ཙེ་ཞིས་མངའ་སྡེ་རུ་བྱ་འགུལ་ཞིག་ལ་ཞུགས་སྐབས་གོང་གི་གཏམ་བཤད་དེ་སྤེལ་བ་རེད།དེ་ནི་ཐི་ལིང་ཕུའུ་ཡིས་གཟའ་འཁོར་འདིའི་ནང་དུ་གསང་འཕྲིན་གཙོ་གཉེར་བྱེད་མཁན་གྱི་དབྱི་ལིང་གི་ཉིང་རྡུལ་མཚོན་ཆའི་སྐོར་གྱི་འབྲེལ་ཡོད་དཔྱད་འཇོག་ལ་ཐེངས་གཉིས་པར་ཁས་མ་བླངས་པ་རེད།
ཚེས17ཉིན། ཐི་ལིང་ཕུའུ་ཡིས་ཨ་རིའི་སྲིད་འཛིན་གྱི་ཆེད་དོན་གནམ་གྲུ་མཁའ་དམག་ཨང་དང་པོའི་སྟེང་སྨྱན་བྱད་ཀྱི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར།དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་ཡོད་པར་ཧ་ཅང་ཐག་ཉེ་བའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།སྨྱན་བྱད་ཁག་ཅིག་གིས་དེ་མ་ཐག་ཅ་པ་ཏི་ཡིས་ཉེ་སྔོན་གསང་འཕྲིན་དཔྱད་འཇོག་བྱས་པ་ལས་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་བྱས་མེད་པར་སྣང་མོད།འོན་ཀྱང་ཐི་ལིང་ཕུའུ་ཡིས་ངས་ཁོ་མོས་ཅི་ཞིག་བཤད་པར་དོ་སྣང་མི་བྱེད།ངས་ཁོ་ཚོར(དབྱི་ལིང)ཉིང་རྡུལ་མཚོན་ཆ་ཡོད་པར་ཧ་ཅང་ཐག་ཉེ་བའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།
ཅ་པ་ཏི་ཡིས་ད་ལོའི་ཟླ3པར་ཨ་རིའི་རྒྱལ་ཚོགས་སུ་བདེན་དཔང་བྱས་ནས།ཨ་རིའི་འབྲེལ་ཡོད་སྒྲིག་གཞིས་མུ་མཐུད་དུ་དཔྱད་འཇོག་བྱས་རྗེས་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་བཟོས་མེད་པ་དང་།དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་ལ་ཉིང་རྡུལ་མཚོན་ཆ་བཟོ་སྐྲུན་གྱི་འཆར་གཞི་བསྐྱར་དུ་མགོ་རྩོམ་པའི་དབང་ཆ་སྤྲད་མེད་པར་ངོས་འཛིན་བྱས། ཅ་པ་ཏི་ཡིས་རྗེས་སུ་ཐི་ལིང་ཕུའུ་ཡིས་ཀྱང་ལྟ་ཚུལ་གཅིག་མཐུན་འཛིན་གྱི་ཡོད་ཅེས་ནན་བཤད་བྱས་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།