ཕུའུ་ཅིང་གིས་མཉམ་ལས་གྲོགས་པོས་མཉམ་དུ་འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་འབོད་སྐུལ་བཏང་།
2025.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན།ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་སྐབས་ཉེར་བརྒྱད་པའི་ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཚང་འཛོམས་གྲོས་ཚོགས་སྟེང་ཤིས་ཚིག་ཕུལ་སྐབས།འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་སྔར་ལས་རྒྱུན་མཐུད་ཡོང་བར་བྱ་ཆེད།རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་འཛུགས་དགོས་ཞེས་བསྟན།

ཕུའུ་ཅིང་གིས་མཉམ་ལས་གྲོགས་པོས་འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་ལེགས་སྐྱེས་ཕུལ་ནས།རྒྱལ་ཁབ་སོ་སོའི་དར་རྒྱས་དང་འཛམ་གླིང་གི་མ་འོངས་པ་བརྟན་འཇགས་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕུའུ་ཅིང་གིས་འཛམ་གླིང་དཔལ་འབྱོར་ཁྲོད་གསེར་གྱོམ་རྒྱལ་ཁབ་ཀྱིས་བཟུང་བའི་བསྡུར་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་དེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་དུ་འགྲོ་བཞིན་པ་གསལ་བཤད་བྱས་ཡོད། ཁོས་གསེར་གྱོམ་རྒྱལ་ཁབ་ཀྱིས་ཁྱབ་ཁོངས་མང་པོ་ཞིག་འཕེལ་རྒྱས་སུ་གཏོང་སྐབས།མི་གཞི་རྩར་འཛིན་འཛིན་པ་དང་།ལས་གཞི་གལ་ཆེན་གྱིས་དམངས་འཚོའི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ།ཉིང་ནུས་དང་མཁའ་འགྲུལ།རྒྱུ་ཆ་གསར་པ།ཆ་འཕྲིན་ལག་རྩལ་ཐོན་ལས།འཕྲུལ་མིའི་ལག་རྩལ།མིས་བཟོས་རིག་ནུས་བཅས་ཁྱབ་ཁོངས་སུ་འབྲེལ་ཡོད་འཆར་གཞིར་སྐུལ་འདེད་གཏོང་དགོས་ཟེར།

ཕུའུ་ཅིང་གིས་བལྟས་ན་སྒོ་འབྱེད་དང་དྲང་གཞག་གི་འཛམ་གླིང་འཕེལ་རྒྱས་ཀྱི་སྟེགས་བུ་ཞིག་འཛུགས་དགོས་པ་དང་།སྟེགས་བུ་དེར་དངུལ་གཏོང་ལམ་སྲོལ་དང་ལག་རྩལ་ཚད་གཞི།དངུལ་རྩ་དང་ཟོག་འགྲེམས་ཞབས་ཞུ།ཉོ་ཚོང་ལག་ཆ།ཐག་གཅོད་ཇུས་གཞི་གཞན་དག་བཅས་མཉམ་འདྲེས་བྱེད་ཐུབ།གསེར་གྱོམ་རྒྱལ་ཁབ་བར་གྱི་མཉམ་ལས་ནི་འཕེལ་རྒྱས་སྟེགས་བུ་དེའི་གཞི་རྒྱུ་གལ་ཆེན་ཞིག་ཡིན་པ་དང་།གཞི་རྒྱུ་དེ་དག་གྲོས་མོལ་གཅིག་མཐུན་དང་ཕན་ཚུན་འདྲ་མཉམ།ཕན་ཚུན་གྱི་ཁེ་ཕན་ལ་བརྩི་འཇོག་བྱེད་པ།རྒྱལ་ཁབ་ཚང་མར་སྒོ་འབྱེད་སོགས་ཀྱི་རྩ་དོན་གྱི་རྨང་གཞིའི་སྟེང་འཛུགས་དགོས་པ་ཞིག་རེད། སྟེགས་བུ་དེ་འཛུགས་པ་དང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཞུགས་པའི་རྒྱལ་ཁབ་ཇི་ཙམ་མང་ན་སྟེགས་བུ་དེ་དེ་ཙམ་གྱིས་བརྟན་པོ་དང་ཕན་ནུས་ལྡན་པར་འགྱུར་ཐུབ།

གཡང་འབུམ་རྒྱལ་གྱིས་བསྒྱུར།