ཚེས20ཉིན།ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་བཞུགས་མོལ་ཚོགས་འདུ་ཐུར་ཁེའི་གྲོང་ཁྱེར་ཆེ་གྲས་གསུམ་པ་དབྱི་ཙི་མེ་རུ་བསྡུས་པ་དང་།རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་ཚོང་ལས་རིག་གཞུང་ལས་རིགས་ནས་ཡོང་བའི་འཐུས་མི70ཙམ་ཚོགས་འདུར་ཞུགས།
ཐུར་ཁེའི་ཨའེ་ཆིན་ཧའེ་ཕྱིར་གཏོང་ཚོང་ཚོགས་ཀྱི་འགན་འཁུར་པ།ཡ་ཁེ·ཨའེ་སི་ཅི་ན་ཆི་ཡིས་བྱ་འགུལ་སྟེང་ཤིས་ཚིག་ཕུལ་སྐབས་བསྟན་དོན།མཐུན་ཚོགས་ཀྱིས་ཀྲུང་གོའི་ཁྲོམ་ར་དང་དངོས་མང་འགྲེམས་སྟོན་ཚོགས་འདུའི་སྟེགས་བུར་ཚད་མཐོའི་མཐོང་ཆེན་བྱས་ནས།2019ལོ་ནས་བཟུང་ཐུར་ཁེ་ཡི་ཁེ་ལས་མུ་མཐུད་དུ་རྩ་འཛུགས་བྱས་ནས་འགྲེམས་ཚོགས་ལ་ཞུགས་པ་ཡིན།ད་ལོ་མཐུན་ཚོགས་ཀྱིས་ས་གནས་དེའི་མཛེས་འཆོས་བྱུག་རྫས་དང་ཟོག་འགྲེམས་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་སྔར་ལས་མང་པོ་རྩ་འཛུགས་བྱས་ནས།ཀྲུང་གོའི་ཁྲོམ་རའི་དགོས་མཁོ་དེ་བས་དང་ལེན་ལེགས་པོ་བྱས་ནས་མ་འོངས་པའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱ་རྒྱུ་ཡིན།
ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་སྟོན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་གོ་ཆིན་གྱིས་བསྟན་དོན།ཐུར་ཁེའི་ཁེ་ལས་ཀྱིས་མུ་མཐུད་དུ་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་ལག་རྩལ་གྱི་གསར་གཏོད་གྲུབ་འབྲས་འཁྱེར་ནས་འགྲེམས་ཚོགས་ལ་ཞུགས་པ་དང་འགྲེམས་ཚོགས་ལ་ལྟ་སྐོར་བྱེད་པར་དགའ་བསུ་ཞུ་རྒྱུ་དང་།དངོས་སུ་ཕྱིར་གཏོང་འགྲེམས་ཚོགས་ཀྱི་སྟེགས་བུར་བརྟེན་ནས་སྤུས་ལེགས་པའི་ཐོན་རྫས་དེ་ལས་མང་པོ་ཀྲུང་གོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཁྲོམ་རར་འདྲེན་རྒྱུར་སྐུལ་འདེད་བཏང་སྟེ།རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་མ་གཏོང་།ཡུལ་སྐོར།ཞིང་ལས་སོགས་ཁྱབ་ཁོངས་མང་པོའི་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་མཉམ་དུ་འཕེལ་རྒྱས་འབྱུང་བར་རོགས་རམ་བྱ་རྒྱུ་ཡིན།
ཐུར་ཁེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་བློ་འདྲི་བ་ཏུའུ་ཨའེ་ཏུང་གིས་བསྟན་དོན།ཀྲུང་གོ་དང་ཐུར་ཁེ་གཉིས་ལ་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་དང་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ཚོང་དོན་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས། ཐུར་ཁེའི་ཁེ་ལས་ཀྱིས་དངོས་མང་འགྲེམས་ཚོགས་ཀྱི་སྟེགས་བུ་ལེགས་པོར་སྤྱད་དེ།ཐུར་ཁེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་པ་དང་ཀྲུང་གོའི་ཁྲོམ་རར་རྒྱུན་ཆད་མེད་པར་རྒྱུས་ལོན་དང་རྒྱ་སྐྱེད་གཏོང་བ།ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།
ཐེངས་འདིའི་བྱ་འགུལ་དེ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་སྟོན་ཅུའུ་དང་།རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཧྲང་ཧའེ)ཐུར་ཁེའི་ཨའེ་ཆིན་ཧའེ་ཕྱིར་གཏོང་ཚོང་པའི་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། བྱ་འགུལ་གྱི་ཡུལ་དངོས་སུ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་སྟོན་ཅུའུ་དང་ཐུར་ཁེའི་ཨའེ་ཆིན་ཧའེ་ཕྱིར་གཏོང་ཚོང་ཚོགས་ཀྱིས་སྐབས་བརྒྱད་པའི་ནང་འདྲེན་འགྲེམས་ཚོགས་ཀྱི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད། སྐབས་བརྒྱད་པའི་ནང་འདྲེན་འགྲེམས་ཚོགས་དེ2025ལོའི་ཟླ11པའི་ཚེས5ཉིན་ནས་ཚེས10ཉིན་བར་ཧྲང་ཧའེ་རུ་བསྡུ་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།