ཧྥ་རན་སི་ཡིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་བར་སྣང་འཇབ་རྒོལ་བྱེད་པའི་ནང་ཞུགས་མེད་པའི་ཚུལ་བསྟན།
2025.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་པཱ་ལོ་ཡིས་ཚེས22ཉིན་བཤད་རྒྱུར། ཧྥ་རན་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་གསུམ་ལ་བར་སྣང་འཇབ་རྒོལ་བྱས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཧྥ་རན་སི་བར་སྣང་འཇབ་རྒོལ་དེའི་ནང་ཞུགས་མེད་ལ། དེའི་འཆར་འགོད་ལའང་ཞུགས་མེད་ཟེར།

པཱ་ལོ་ཡིས་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སི་ཡིས་ཕྱོགས་ཁག་སོ་སོས་རང་ཚོད་བཟུང་ནས། འཁྲུག་རྩོད་དེ་རྒྱ་ཡན་དུ་གཏོང་བའི་བྱ་སྤྱོད་གང་ཡང་སྤེལ་མི་རུང་བའི་སྐུལ་མ་བཏང་།

ཁོས་བསྟན་དོན། ཧྥ་རན་སི་ཡིས་ཐེངས་མང་བོར་དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ཚུལ་བསྟན་མྱོང་། ཧྥ་རན་སི་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་དུས་གཏན་དུ་ཐག་གཅོད་བྱེད་ན། ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གི་སྒྲོམ་གཞིའི་ནང་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་ཇུས་གཞི་འགོད་དགོས་པར་ཡིད་ཆེས་བྱས་ཡོད། ཧྥ་རན་སི་ཡིས་དུས་ངེས་མེད་དུ་གྲོགས་པོའི་རྒྱལ་དག་དང་མཉམ་དུ་དོན་དེའི་ཐད་འབད་འབུངས་བྱེད་རྩིས་ཡོད་ཟེར།

གཞན་ཡང་ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཚེས22ཉིན་གྱི་སྔ་དྲོར་སྔ་གཞུག་ཏུ་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་པིན་སཱ་ལེ་མན་དང་ཨ་མན་གྱི་མགོ་ཁྲིད་པ་ཧེ་སེ་མུའུ་གཉིས་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁའི་དབྱི་ལིང་ལ་བར་སྣང་འཇབ་རྒོལ་བྱས་རྗེས་ཀྱི་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་དཔྱད་འཇོག་བྱས། མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་དབྱི་ལིང་དང་དབྱི་སི་རལ་ནས་ཕྱི་སྡོད་རང་མི་ཕྱིར་འཐེན་བྱེད་པའི་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།