སི་རི་ཡཱའི་ནང་སྲིད་སྡེ་ཁག་གིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉིན་དེར་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཤར་ངོས་ཀྱི་ཆོས་ཁང་ཞིག་ཏུ་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བཟོས་ཏེ། མི22རྐྱེན་ལམ་དུ་ཤོར་བ་དང་། མི63ལ་རྨས་ཕོག་ཟེར།
སི་རི་ཡཱའི་ནང་སྲིད་སྡེ་ཁག་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇིགས་སྐུལ་ཉེས་ཅན་དག་ཏཱ་མཱ་ཧྲི་ཀིའི་ཏུའུ་ཝེ་ལཱ་ས་ཁུལ་དུ་ཡོད་པའི་ཏུང་ཀྲིན་ཆོས་ལུགས་ཀྱི་ཆོས་ཁང་ཞིག་ཏུ་ཡོང་ནས། མེ་མདའ་བརྒྱབ་རྗེས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་ཡིན་ལ། བདེ་འཇགས་མི་སྣས་དོན་རྐྱེན་བྱུང་སའི་ཡུལ་དངོས་བཀག་སྡོམ་བྱས་ཡོད་ཟེར།
ཆོས་ཁང་དེའི་ཆོས་དཔོན་ཧྲ་ཐཱ་ཧི་ཡིས་ཡུལ་དངོས་ནས་སྨྱན་བྱད་ལ་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཚེས22ཉིན་གྱི་གསོལ་འདེབས་སྐབས་སུ་བྱུང་བ་དང་། སྐབས་ཐོག་དེར་ཆོས་ཁང་དུ་མི་བཞི་བརྒྱ་ཙམ་ཡོད། ཁོས་ཐོག་མར་ཆོས་ཁང་ཕྱི་ནས་མེ་མདའི་སྒྲ་གྲགས་པ་ཐོས་པ་དང་། དེའི་རྗེས་སུ་འཇབ་རྒོལ་མཁན་གཉིས་ཆོས་ཁང་གི་སྒོ་ཆེན་ནས་ནང་དུ་ཡོང་ནས། ཆོས་ཁང་ནང་དུ་མེ་མདས་བརྒྱབ་རྗེས། རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད་ཟེར།
གནས་ཚུལ་དངོས་སུ་མཐོང་མཁན་གཞན་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་མཁན་གཉིས་ཀྱིས་ཆོས་ལུགས་ཀྱི་ཁ་གཡང་མཐོན་པོར་སྒྲོག་བཞིན་ཡོད་ཟེར།
སི་རི་ཡཱའི་ཕྱི་འབྲེལ་སྡེ་ཁག་གི་འགན་ཁུར་པ་ཞེ་པཱ་ནེ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། འདས་པོར་མྱ་ངན་ཞུས། ཁོས་ནན་གྱིས་བསྟན་དོན། ནག་ཉེས་དེས་ང་ཚོའི་མི་དམངས་ཀྱི་མཐུན་སྒྲིལ་ལ་གཏོར་བརླག་གཏོང་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།