དབྱི་ལིང་སྲིད་འཛིན་གྱིས་ཨ་མེ་རི་ཁའི་བཙན་འཛུལ་བྱ་སྤྱོད་ལ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།
2025.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས22ཉིན་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་ལ་ཁ་པར་གཏོང་སྐབས་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་ནི་བཙན་འཛུལ་བྱ་སྤྱོད་ཡིན་པས། དབྱི་ལིང་ཕྱོགས་ཀྱིས་དེར་རྒོལ་ལན་དྲག་པོ་སྤྲོད་ངེས་ཡིན་ཟེར།

དབྱི་ལིང་གི་སྲིད་འཛིན་བཞུགས་ཤག་གིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། མཱ་ཁི་ལུང་གིས་དབྱི་ལིང་གིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་གསུམ་ལ་ཆམ་ཕབ་བཏང་བའི་ཐད་ནས་རང་ཚོད་འཛིན་དགོས་པའི་རེ་བ་བཏོན་པ་དང་། ཕའེ་ཙེ་ཞི་ཆི་དབྱང་གིས་བཤད་རྒྱུར། དབྱི་ལིང་གིས་རང་འགུལ་གྱིས་འཐབ་འཁྲུག་གཏན་ནས་བསླངས་མྱོང་མེད་ཀྱང་། བཙན་འཛུལ་ཐེབས་ན་ངེས་དུ་རང་སྲུང་བྱེད་ངེས་ཡིན་ཟེར། ཁོས་བཤད་རྒྱུར། དབྱི་ལིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་སྒྲོམ་གཞིའི་ནང་གྲོས་མོལ་བྱེད་འདོད་ཡོད་ཀྱང་། བཙན་བརྙས་ཀྱི་སྲིད་ཇུས་ལ་མགོ་སྒུར་མི་སྲིད་པ་དང་། བཙན་འཛུལ་བྱ་སྤྱོད་ལ་དགོས་ངེས་ཀྱི་རྒོལ་ལན་སྤྲོད་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་ཟེར།

ཕའེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་དམིགས་ནས་དབྱི་ལིང་དང་ཨ་མེ་རི་ཁས་ཨ་མན་གྱི་བར་འདུམ་འོག་བརྒྱུད་པའི་གྲོས་མོལ་བྱེད་སྐབས་ཡིད་ཆེས་ཆགས་པར་བྱེད་པའི་གནད་དོན་གླེང་ཡོད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་རེད་ཟེར། ཁོས་བསྟན་དོན། ཕྱི་འབྲེལ་གྲོས་མོལ་གྱི་ཕན་ནུས་རང་བཞིན་དེ་ཕྱོགས་གཉིས་ཀྱིས་དམ་བཅའ་བརྩི་སྲུང་བྱེད་པའི་རྨང་གཞིའི་སྟེང་འཛུགས་དགོས་པ་ལས། གྲོས་མོལ་བྱེད་སྐབས་ཕྱོགས་གཅིག་གིས་ཕྱོགས་གཞན་པར་དཔུང་འཇུག་བྱས་ནས་ཡིད་ཆེས་ལ་གཏོར་བརླག་བཏང་མི་ཆོག་ཟེར།

ཕའེ་ཙེ་ཞི་ཆི་དབྱང་གིས་དབྱི་ལིང་གིས་ནམ་ཡིན་ཡང་འཐབ་འཁྲུག་དང་ཉིང་རྡུལ་ནུས་པའི་མཚོན་ཆ་བརྩོན་ལེན་བྱས་མྱོང་མེད་པ་བསྐྱར་སྒྲོག་བྱས་པ་དང་། དེའི་རྒྱུ་མཚན་ནི་ཞི་བདེ་དང་གཏན་འཇགས་ནི་ད་གཟོད་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྨང་རྡོ་ཡིན་པས་རེད་ཟེར།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ས་དེའི་ཚེས21ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་ལིང་གི་ཧྥུའུ་ཨར་ཏའོ་དང་ནེ་ཐན་ཙི། དབྱི་སི་ཧྥ་ཧན་བཅས་ཉིང་རྡུལ་ནུས་པའི་སྒྲིག་ཆས་གསུམ་ལ་ཆམ་ཕབ་བཏང་ཡོད་ཟེར། དབྱི་ལིང་ཕྱོགས་ཀྱིས་གསལ་སྒྲོག་སྤེལ་ཏེ། ཁ་ཚིག་དྲག་པོས་ཨ་མེ་རི་ཁས་དབྱི་ལིང་གི་ཞི་བདེ་དམིགས་ཡུལ་ཅན་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཡ་ང་བའི་དམག་དོན་བཙན་འཛུལ་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་བ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།