ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧི་ཀི་སེ་ཞི་ཡིས་ཚེས22ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དོན་འགུལ་སྐྱོད་ལས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་ས་གཞི་ཕལ་ཆེར་རྩ་བ་ནས་གཏོར་བཤིག་བཏང་ཡོད་ཟེར།
ཧི་ཀི་སེ་ཞི་ཡིས་ཟུར་ལྔའི་ཐོག་ཁང་ཆེན་མོ་ནས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་བཏང་བའི་ཐད་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གི་གནད་སར་གྱུར་བའི་ཉིང་རྡུལ་ནུས་པའི་སྒྲིག་ཆས་གསུམ་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཀྱང་། བྱེ་བྲག་གི་གཏོར་བརླག་ཐེབས་ཚད་ཉིན་འགའི་རྗེས་ནས་ད་གཟོད་གཏན་འཁེལ་བྱེད་ཐུབ་ཟེར།
ཧི་ཀི་སེ་སི་ཡིས་དབྱི་ལིང་གི་ཞི་བདེ་འཚོལ་ཞིབ་བྱེད་པར་སྐུལ་འདེད་བཏང་ནས། ཨ་མེ་རི་ཁ་ཕྱོགས་ཀྱི་ཆམ་ཕབ་ཐོབ་པར་སྔོན་འགོག་བྱེད་དགོས་པར་མ་ཟད། དབྱི་ལིང་གིས་ཨ་མེ་རི་ཁར་འཁོན་ལན་སློག་པའི་བྱ་སྤྱོད་གང་རུང་ལ་སྔར་ལས་གཞི་རྒྱ་ཆེ་བའི་དྲག་ཤུགས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཁའེ་ཨིན་གྱིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་འཐབ་འཛིང་གནམ་གྲུ125མངག་ནས་ཆམ་ཕབ་འགུལ་སྐྱོད་ནང་ཞུགས་པ་དང་། འཕུར་མདའ75གཏོང་འཕེན་བྱས་ཡོད་ཟེར། ཨ་མེ་རི་ཁ་ནས་འཕུར་བའི་འགས་གཏོར་གནམ་གྲུས་ཧྥུའུ་ཨར་ཏའོ་དང་ནེ་ཐན་ཙི་ཡི་ཉིང་རྡུལ་སྒྲིག་ཆས་ལ་བསྡོམས་པས་སར་འཛུལ་འགད་རྫས14འཕངས་པ་རེད། དབྱི་སི་ཧྥ་ཧན་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཨ་མེ་རི་ཁའི་ཆུ་འཛུལ་གྲུ་གཟིངས་ཤིག་གིས་དམིགས་འབེན་དེར་དགྲ་སྟའི་འཕུར་མདའ20ལྷག་གཏོང་འཕེན་བྱས་ཟེར།
ཁའེ་ཨིན་གྱིས་བསྟན་དོན། དཔྱད་འཇོག་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་པའི་དབང་གིས་ད་ལྟར་དབྱི་ལིང་གི་ཉིང་རྡུལ་ནུས་པ་སྐོར་ཞིག་སོར་འཇོག་བྱས་ཡོད་མིན་གླེང་ན་ཅུང་སྔ་འདུག་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།