ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་ལིང་གི་ཧྥུའུ་ཨར་ཏའོ་དང་ནེ་ཐན་ཙི། དབྱི་སི་ཧྥ་ཧན་བཅས་གནས་གསུམ་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་བཏང་བར་དམིགས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚེས22ཉིན་བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འཇབ་རྒོལ་ཡོད་པ་དང་། དབུས་ཤར་ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་འཇིགས་ཉེན་བཟོས་ཡོད་པའི་རྒོལ་གཏམ་བཏང་བ་དང་། དེའི་ཞོར་དུ་འབྲེལ་ཡོད་ཕྱོགས་ཀྱིས་རང་ཚོད་བཟུང་ནས། གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨ་མེ་རི་ཁས་དབྱི་ལིང་ལ་འཇབ་རྒོལ་བྱས་པ་ལས་མ་གཞི་ནས་ཉེན་ཁའི་གནས་སུ་ལྷུང་བའི་ས་ཁུལ་གྱི་གནས་བབ་དེ་ཛ་དྲག་ཏུ་བཏང་ཡོད་པར་མ་ཟད། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལའང་ཐད་ཀར་དུ་འཇིགས་ཉེན་ཐེབས་ཡོད་ཟེར། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་གནས་བབ་ཞི་འཇགས་སུ་གཏོང་དགོས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞན་པ་ལས་གཏན་འཁེལ་བྱས་པའི་འོས་འགན་དག་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་།
མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་པུའུ་ཏཱ་ཝེ་ཡིས་གསལ་སྒྲོག་སྤེལ་ཏེ། མིག་སྔར་དབུས་ཤར་ས་ཁུལ་དུ་བྱུང་བའི་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཐད་ཀར་ཆམ་ཕབ་བཏང་བ་སོགས་དོན་རྐྱེན་ལས་གནས་བབ་སྔར་ལས་ཛ་དྲག་ཏུ་སོང་ཡོད་ལ། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཤུགས་རྐྱེན་ཐེབས་ཡོད་ཟེར། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་བའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་གཏོང་བ་བསྐྱར་སྒྲོག་བྱས་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་ཕྱི་འབྲེལ་བྱེད་ཐབས་སྤྱད་དེ་འཁྲུག་རྩོད་ཐག་གཅོད་བྱེད་པའི་ནུས་ལྡན་ཐབས་ལམ་དུ་བྱེད་དགགོས་པའི་འབོད་སྐུལ་བཏང་།
ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་ཀྱི་བདག་དབང་ལ་རྒོལ་བའི་དམག་དོན་འགུལ་སྐྱོད་གང་རུང་ལ་རྒོལ་གཏམ་གཏོང་བཞིན་ཡོད་ཟེར། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། མིག་སྔའི་གནས་བབ་ཛ་དྲག་ཏུ་གྱུར་བ་ལས་འཛད་པའི་མེད་པའི་དྲག་ཤུགས་སྣང་ཚུལ་འབྱུང་སྲིད་ཟེར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཕྱོགས་སོ་སོ་ཛ་དྲག་གི་གནས་སུ་ལྷུང་བར་སྔོན་འགོག་བྱེད་དགོས་པར་མ་ཟད། ཕྱི་འབྲེལ་གྱི་ཐབས་ལམ་སླར་གསོ་བྱེད་པ་དེ་རྩོད་གླེང་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།
ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། དམག་དོན་འགུལ་སྐྱོད་དེ་ཐག་གཅོད་ཇུས་གཞི་མིན་ལ། ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་དང་ཕྱི་འབྲེལ་གྲོས་མོལ་ནི་སྔར་བཞིན་ཉམས་ཉེན་ཐག་གཅོད་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། བྱ་སྤྱོད་དེ་གཏུམ་དྲག་ཆེ་བར་མ་ཚད་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་བཅས་ལ་འགལ་ཡོད་ཟེར། མི་ཀུན་གྱིས་ཆེས་སེམས་ཁུར་བྱེད་པ་ནི་ཐེངས་འདི་ཆམ་ཕབ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་ཐོབ་ཐང་འཛིན་པའི་རྒྱལ་ཁབ་ཅིག་གིས་ལག་བསྟར་བྱས་པ་དེ་རེད་ཟེར།
རྒྱ་གར་གྱི་ཙུང་ལི་མའོ་ཏི་ཡིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་རྗེས་དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་ལ་ཁ་པར་བཏང་། མའོ་ཏིས་ཀྱིས་དྲ་ཐོག་ཏུ་ཐེངས་འདིའི་ཁ་པར་གྲོས་མོལ་གྱི་ནང་དོན་སྤེལ་ཡོད། ང་ཚོས་མྱུར་མོར་གནས་བབ་ཞི་འཇགས་སུ་གཏོང་བའི་འབོད་སྐུལ་ཡང་བསྐྱར་བཏང་བ་ཡིན། གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་མྱུར་མོར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་། གཏན་འཇགས་བཅས་སླར་གསོ་བྱེད་དགོས་ཟེར།
ཧྥེ་ལེ་པེན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཞི་བདེ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་དགོས་གལ་རང་བཞིན་བསྐྱར་སྒྲོག་བྱས། གསལ་སྒྲོག་ལས་འབྲེལ་ཡོད་ཕྱོགས་སོ་སོ་ཕྱི་འབྲེལ་ལམ་དུ་བསྐྱོད་དགོས་པ་དང་། འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ནས། ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཐེབས་པར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།
ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་གྱིས་ཉེ་སྔོན་དབྱི་སི་རལ་དང་དབྱི་ལིང་བར་གྱི་འགལ་བ་ཇེ་དྲག་ཏུ་སོང་བ་དང་། ཁྱད་པར་དུ་ཉིན་དེར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་ལས་ས་ཁུལ་གྱི་འཁྲུག་རྩོད་ཛ་དྲག་ཏུ་འགྱུར་བའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་། ཁོས་ཕྱོགས་སོ་སོས་གཟབ་ནན་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་སྤེལ་ནས་ས་ཁུལ་གྱི་གཏན་འཇགས་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་།
དབྱི་རག་སྲིད་གཞུང་གི་མགྲིན་ཚབ་པ་ཨ་ཝ་ཏིས་ཀྱིས་གསལ་སྒྲོག་སྤེལ་ཏེ། དབྱི་རག་གིས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་དྲག་ཤུགས་བཀོལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཕྱོགས་སོ་སོས་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱས་ཤིང་། ཟོལ་མེད་ཀྱིས་གནད་འགག་གི་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་དགོས་ལ། ཁྱད་པར་དུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལྟ་རྟོག་དོ་དམ་ཐོབ་ཅིང་ཞི་བདེའི་དམིགས་ཡུལ་དུ་བཀོལ་བའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། མིག་སྔའི་ཉེན་ཁ་དང་ཛ་དྲག་ཆེ་བའི་གནས་བབ་ལས་ས་ཁུལ་དང་རྒྱལ་སྤྱིའི་རིམ་པར་གནོད་འཚེའི་རང་བཞིན་གྱི་མཇུག་འབྲས་འབྱུང་སྲིད་པར་འདོད་པ་དང་། ཕྱོགས་སོ་སོས་རང་ཚོས་བཟུང་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར།
སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་བདག་དབང་ལ་གནོད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་ནས་ངོ་རྒོལ་བྱས། གསལ་སྒྲོག་ལས་ངེས་པར་དུ་ནུས་པ་གང་ཡོད་ཀྱིས་རང་ཚོད་བཟུང་ནས། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་བཀོད་དེ་མིག་སྔའི་ཉམས་ཉེན་དེ་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།
ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་དབྱི་ལིང་གི་མངའ་ཁོངས་དང་བདག་དབང་ལ་མངོན་སུམ་འཛེམ་མེད་ཀྱིས་བཙན་འཛུལ་བྱས་པར་རྒོལ་གཏམ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་ཡ་ང་བའི་བཙན་འཛུལ་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་སྒོ་ནས། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཐད་ཀར་དུ་འཇིགས་ཉེན་བཟོས་པ་རེད་ཟེར།
སུའུ་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་བཏང་བ་ལས་ས་ཁུལ་གྱི་གནས་བབ་སྔར་ལས་ལྷག་པའི་རྙོག་འཛིང་ཅན་དུ་བཏང་ཡོད་ལ། རྒྱལ་སྤྱིའི་གཏན་འཇགས་དང་ཞི་བདེ། བདེ་འཇགས་བཅས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་ཟེར། གསལ་སྒྲོག་ལས་ད་རུང་དབྱི་ལིང་གི་བདག་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་ཡིན་ལ་ངོ་རྒོལ་བྱས་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འོག་ཞི་བདེའི་གྲོས་མོལ་རྒྱུན་འཁྱོངས་བྱས་ཏེ་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
སུའེ་ཙེ་ཕྱི་འབྲེལ་པུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཕྱོགས་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་སོགས་འདུས་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གལ་ཆེན་རང་བཞིན་བརྩི་སྲུང་བྱེད་དགོས་པ་ནན་བཤད་བྱས་པ་དང་། ཕྱོགས་སོ་སོས་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་སྟེ་མྱུར་མོར་ཕྱི་འབྲེལ་གྱི་ལམ་དུ་ཞུགས་དགོས་པའི་འབོད་སྐུལ་བཏང་།
ཀྲི་ལིའི་སྲིད་འཛིན་པའོ་ལི་ཆི་ཡིས་དྲ་ཚིགས་བརྒྱུད་དེ་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་བཏང་བའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་རྒོལ་གཏམ་བཏང་། གནས་ཚུལ་གང་རུང་འོག་ཀྲི་ལི་ཡིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། དབང་ཤུགས་ཡོད་པ་དེ་མིའི་རིགས་ཡོངས་ལ་རྒོལ་བའི་ཐུན་མོང་གཏན་འབེབས་ཀྱི་སྒྲིག་སྲོལ་ལ་འགལ་ཡོད་པ་མཚོན་ཡོད་ཟེར།
ཁོ་ལོམ་པུ་ཡཱའི་ཕྱི་འབྲེལ་པུའུ་ཡིས་དྲ་ཐོག་ཏུ་སྤྱི་སྒྲོག་སྤེལ་ཏེ། འབྲེལ་ཡོད་ཕྱོགས་སོ་སོ་ཕྱིར་གྲོས་མོལ་དུ་ཞུགས་ནས། ས་ཁུལ་གྱི་འཁྲུག་རྩོད་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། སྤྱི་སྒྲོག་ལས་བཤད་རྒྱུར། ཁོ་ལོམ་པུ་ཡཱ་ཕྱོགས་ཀྱིས་ཕྱོགས་གཅིག་གང་རུང་གིས་དྲག་ཤུགས་བཀོལ་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་དང་། ཁྱད་པར་དུ་བྱ་སྤྱོད་དེ་རིགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལས་གཏན་འཁེལ་བྱས་པའི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་ཞི་བདེ་དང་གཏན་འཇགས་ཐད་འཇིགས་ཉེན་བཟོས་ན་ལྷག་ཏུ་ངོ་རྒོལ་བྱེད་ངེས་ཡིན་ཟེར།
ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་བཏང་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་ཡོད་ལ། དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་ཉེན་ཁ་ཇེ་ཆེར་བཏང་ནས། མིའི་རིགས་ལ་ཉམས་ཉེན་ཆེན་པོ་ཞིག་འབྱུང་དུ་འཇུག་སྲིད་ཟེར།
ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་དབྱི་ལིང་ལ་ཐད་ཀར་བཙན་འཛུལ་བྱས་པ་ཡིན་ཞིང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་ནག་ཉེས་ཅིག་དང་འགན་མི་ཁུར་བའི་བྱ་སྤྱོད་ཅིག་ཡིན་པས། དེ་ལས་འབྱུང་སྲིད་པའི་མཇུག་འབྲས་ཚབས་ཆེན་ལ་ཚོད་དཔག་བྱེད་ཐབས་མེད་ཟེར། ཁོས་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་ནི་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་བདེ་འཇགས་མ་ལག་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཚད་གཞི། འགན་སྲུང་རྐྱེན་སྲོལ་བཅས་ལ་གཏོར་བརླག་བཏང་བ་ཡིན་པས། ཁུ་པཱ་ཡིས་དབྱི་ལིང་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།