རོ་མཱ་ནི་ཡཱའི་སྐབས་གསར་བའི་སྲིད་གཞུང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2025.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རོ་མཱ་ནི་ཡཱའི་ཙུང་ལི་པའོ་ལོ་རིང་གིས་མགོ་ཁྲིད་པའི་སྐབས་གསར་བའི་སྲིད་གཞུང་ལ་ཚེས23ཉིན་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་ཐོབ་ནས། ཉིན་དེའི་དགོང་མོར་སྲིད་འཛིན་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཉིན་དེར་རོ་མཱ་ནི་ཡཱའི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ཀྱིས་མཉམ་ཞུགས་གྲོས་ཚོགས་བསྡུས་ཏེ། འདེམ་ཤོག301ཡིད་འཐད་བྱུང་བ་དང་། འདེམ་ཤོག9ཡིས་ངོ་རྒོལ་བྱེད་པའི་བརྡས་གཅོད་མཇུག་འབྲས་ཀྱིས་སྐབས་གསར་བའི་སྲིད་གཞུང་ལ་ཡིད་ཆེས་འདེམ་ཤོག་ཐོབ། སྐབས་གསར་བའི་སྲིད་གཞུང་ནི་ཙུང་ལི་དང་། ཙུང་ལི་གཞོན་པ་ལྔ། པུའུ་ཀྲང་བཅུ་དྲུག་བཅས་ཀྱིས་གྲུབ་ཡོད། དེའི་ནང་ཙུང་ལི་གཞོན་པ་གཉིས་ཀྱིས་སོ་སོར་ནང་སྲིད་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི་ལས་འགན་ཞོར་དུ་ཁུར་ཡོད།

པའོ་ལོ་རིང་གིས་བསྟན་དོན། ཁོས་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་བསྒྱུར་བྱེད་པ་དང་ཆབ་སྲིད་ཐད་ཀྱི་རྒྱུན་ལྡན་མིན་པའི་འབྲེལ་བ་དག་ཐེར་བྱེད་པ་ནས་མགོ་བརྩམས་ཏེ། རོ་མཱ་ནི་ཡཱ་ཡང་བསྐྱར་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་དུ་ཕྱིར་ལོག་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཉིན་དེའི་ཞོགས་པར་སྤྱི་ཚོགས་དམངས་གཙོ་ཏང་དང་རྒྱལ་ཁབ་རང་དབང་ཏང་། རོ་མཱ་ནི་ཡཱའི་མྱུར་སྐྱོབ་མཉམ་འབྲེལ་ཏང་། རོ་མཱ་ནི་ཡཱའི་ཧང་ག་རིའི་རིགས་ཀྱི་དམངས་གཙོ་མནའ་འབྲེལ། དེ་མིན་གྲངས་ཉུང་མི་རིགས་ཀྱི་གྲོས་མིའི་ཚོགས་ཁག་གི་མགོ་ཁྲིད་པ་བཅས་ཀྱིས་ཆབ་སྲིད་གྲོས་མཐུན་བཀོད་དེ། དངོས་སུ་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱས་པ་དང་། སྲིད་འཛིན་གྱི་ཡུན་ནི2025ལོ་ནས2028ལོའི་བར་རེད། གྲོས་མཐུན་ལྟར་ན། མཉམ་འབྲེལ་སྲིད་གཞུང་གིས་བརྗེ་སྤོར་སྲིད་འཛིན་ལམ་ལུགས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་རང་དབང་ཏང་གི་མི་སྣས2025ལོའི་ཟླ6པ་ནས2027ལོའི་ཟླ4བའི་བར་ཙུང་ལིའི་འགན་ཁུར་བ་དང་། སྤྱི་ཚོགས་དམངས་གཙོ་ཏང་གི་མི་སྣས2027ལོའི་ཟླ4བ་ནས2028ལོའི་ཟླ12བའི་བར་ཙུང་ལིའི་འགན་ཁུར་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།