དབྱི་ལིང་གིས་ཁཱ་ཐར་དུ་ཡོད་པའི་ཨ་མེ་རི་ཁའི་མཁའ་དམག་རྟེན་གཞིར་འཕུར་མདའ་བཀོལ་ནས་ཆམ་ཕབ་བཏང་།
2025.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་ཡིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་བཏང་བའི་བྱ་སྤྱོད་ལ་རྒོལ་ལན་སྤྲོད་ཆེད། དབྱི་ལིང་གིས་ཉིན་དེར་ཁཱ་ཐར་དུ་སྡོད་པའི་ཨ་མེ་རི་ཁའི་ཝུའུ་ཏའེ་ཏི་མཁའ་དམག་རྟེན་གཞི་ལ་འཕུར་མདའི་ཆམ་ཕབ་བཏང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་བེད་སྤྱོད་བྱས་པའི་འཕུར་མདའི་ཁ་གྲངས་དེ་ཨ་མེ་རི་ཁའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་སྐབས་ཀྱི་འཕུར་མདའི་ཁ་གྲངས་དང་གཅིག་འདྲ་ཡིན་ཟེར། དེ་ལས་གཞན་དབྱི་ལིང་གིས་ཆམ་ཕབ་བཏང་བའི་རྟེན་གཞི་དེ་ཁཱ་ཐར་གྱི་གྲོང་ཁྱེར་རྨང་གཞིའི་སྒྲིག་ཆས་དང་སྡོད་དམངས་འདུས་སྡོད་ཁུལ་དང་བར་ཐག་རིང་བོར་གནས་ཡོད།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ལས་སྤུན་ཟླའི་རྒྱལ་ཁབ་ཁཱ་ཐར་དང་དེའི་མི་དམངས་ལ་འཇིགས་ཉེན་ཐེབས་མི་སྲིད། དབྱི་ལིང་གིས་ཐོག་མཐའ་བར་གསུམ་དུ་ཁཱ་ཐར་བར་གྱི་རྒྱུན་རིང་བོའི་མཛའ་མཐུན་འབྲེལ་བར་སྲུང་སྐྱོབ་བྱས་ནས་སྲུང་འཛིན་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།