ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་བཏང་བར་མུ་མཐུད་དུ་རྒོལ་གཏམ་བཏང་།
2025.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁས་དབྱི་ལིང་གི་ཧྥུའུ་ཨར་ཏའོ་དང་ནེ་ཐན་ཙི། དབྱི་སི་ཧྥ་ཧན་བཅས་གནས་གསུམ་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་དམག་དོན་ཆམ་ཕབ་བཏང་རྗེས། ཨུ་རུ་སི་དང་ཁྲའོ་ཞན། དབྱི་རག ཐུ་ནི་ཞི་ཡཱ་སོགས་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྩ་བ་ནས་འགལ་ཡོད་པར་མ་ཟད། ས་ཁུལ་གྱི་གཏན་འཇགས་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ཐད་འཇིགས་ཉེན་ཆེན་པོ་བཟོས་ཡོད་ཟེར། ཕྱོགས་མང་བོས་གྲོས་མོལ་སླར་གསོ་བྱས་ཏེ་ཕྱི་འབྲེལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས23ཉིན་མའོ་སི་ཁོ་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་ལིང་ལ་འཇབ་རྒོལ་བྱས་པ་དེ་ནི་གཞི་འཛིན་ས་ཅི་ཡང་མེད་པའི་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པས། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་ལིང་མི་དམངས་ལ་རོགས་སྐྱོར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་སྲིད་འཛིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་བལྟས་ན། དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྒྲིག་སྲོལ་ལ་འགལ་ཡོད་པ་དང་། ས་ཁུལ་གྱི་གཏན་འཇགས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ཐད་སྔོན་དཔག་བྱེད་དཀའ་བའི་ཉེན་ཁའི་མཇུག་འབྲས་འབྱུང་དུ་འཇུག་སྲིད་པར་འདོད། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་དེ་མྱུར་མོར་མཇུག་སྒྲིལ་བར་འབད་འབུངས་བྱས་ཏེ་ཕྱོགས་སོ་སོ་ཡང་བསྐྱར་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐག་གཅོད་བྱེད་ཐབས་ནང་ཞུགས་པར་སྐུལ་མ་གཏོང་རྒྱུ་ཡིན་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས23ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་ལས་དོན་ཁང་གི་མགྲིན་ཚབ་པས་ཉིན་དེར་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་བཏང་བར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཨ་མེ་རི་ཁས་དབྱི་ལིང་ལ་དམག་དོན་འགུལ་སྐྱོད་སྤེལ་བའི་བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞན་པའི་ཁྲིམས་སྲོལ་དང་འགལ་ཡོད་པ་དང་། བདག་དབང་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་ཡོང་བ་དང་བདེ་འཇགས་ཁེ་ཕན་ལ་རྡོག་བརྫིས་བཏང་བ་རེད་ཟེར། མགྲིན་ཚབ་པ་དེས་བསྟན་དོན། དབྱི་སི་རལ་དང་ཨ་མེ་རི་ཁས་དྲག་ཤུགས་ལ་བརྟེན་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་བ་དེས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གནས་བབ་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད་ཟེར།

ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་མངོན་སུམ་འཛེམ་མེད་ཀྱིས་དབྱི་ལིང་ལ་བཙན་འཛུལ་བྱས་པ་དང་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འགས་གཏོར་བཏང་བའི་བྱ་སྤྱོད་དེར་རྒོལ་གཏམ་བཏང་། ཐུ་ནི་ཞི་ཡཱ་ཡིས་བཙན་འཛུལ་བྱ་སྤྱོད་དེ་མྱུར་མོར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཡ་ང་བའི་བཙན་འཛུལ་བྱ་སྤྱོད་དེ་ལས་ས་ཁུལ་གཞན་པར་འབྱུང་བཞིན་པའི་དྲག་སྤྱོད་དང་། ཁྱད་པར་དུ་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་རིགས་རྒྱུད་ཚར་གཅོད་ཀྱི་འཐབ་འཁྲུག་དེ་འགེབས་སྲུང་བྱེད་མི་རུང་ཟེར།

ཕུའུ་ཐའོ་ཡཱའི་སྲིད་འཛིན་བཞུགས་ཤག་གིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། ཕུའུ་ཐའོ་ཡཱའི་སྲིད་འཛིན་ཏི་སོ་སཱ་ཡིས་ཕྱོགས་སོ་སོས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཕྱི་འབྲེལ་གྲོས་མོལ་སླར་གསོ་བྱེད་པ་ནི་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་ཡིན་པ་ནན་བཤད་བྱས། ཕུའུ་ཐའོ་ཡཱའི་ཙུང་ལི་མིན་ཐི་ནེ་ཀི་ལོ་ཡིས་དྲ་ཚིགས་བརྒྱུད་དེ་དབུས་ཤར་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་པར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་ཚད་ཆེན་པོས་རང་ཚོད་བཟུང་ནས་གྲོས་མོལ་སླར་གསོ་བྱེད་པ་དང་། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་བཞུགས་ཤག་གིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་ལ་འབྲེལ་བ་ཡོད་པའི་ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མཱ་ཧྥུའུ་སཱ་དང་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་ཨ་མེ་རི་ཁ་དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་ནང་ཞུགས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། ཨ་ཧྥེ་རི་ཁ་ལྷོ་མས་ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།