ཐི་ལིང་ཕུའུ་ཡིས་དབྱི་ལིང་གིས་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་འཕུར་མདའི་འཇབ་རྒོལ་མ་བྱས་གོང་ཨ་མེ་རི་ཁར་བརྡ་བཏང་ཡོད་པའི་ཚུལ་བསྟན།
2025.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས23ཉིན་བདེན་དཔང་བྱས་དོན། དབྱི་ལིང་གིས་ཉིན་དེར་ཨ་མེ་རི་ཁའི་ཁཱ་ཐར་དུ་ཡོད་པའི་ཝུའུ་ཏའེ་ཏི་མཁའ་དམག་རྟེན་གཞིར་འཕུར་མདའི་འཇབ་རྒོལ་བྱས་པར་མ་ཟད། དབྱི་ལིང་ཕྱོགས་ཀྱིས་སྔོན་ནས་ཨ་མེ་རི་ཁར་བརྡ་བཏང་ཡོད་པས་འཇབ་རྒོལ་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེའི་ཕྱི་དྲོར་དྲ་ཚིགས་བརྒྱུད་དེ་དབྱི་ལིང་གིས་སྔོན་ནས་བརྡ་བཏང་བས་ཨ་མེ་རི་ཁས་དུས་ལྟར་འགོག་སྲུང་བྱེད་ཐབས་སྤྱད་ནས་མི་སྣར་ཤི་རྨས་མ་ཐེབས་པར་བཀའ་དྲིན་ཞུས།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། དབྱི་ལིང་གིས་ཐེངས་འདིར་བསྡོམས་པས་འཕུར་མདའ14གཏོང་འཕེན་བྱས་པ་དང་། དེའི་ནང་འཕུར་མདའ13བཀག་ཡོད་ལ། འཕུར་མདའ་གཅིག་འཇིགས་ཉེན་མེད་པའི་གནས་སུ་གཏོང་འཕེན་བྱས་པས་བཀག་འགོག་བྱས་མེད་ཟེར། ཁོས་དབྱི་ལིང་ཕྱོགས་ཀྱིས་རྒོལ་ལན་སྤྲད་པ་དེར་ནུས་པ་ཅི་ཡང་མེད་ལ་ཕལ་ཆེར་གཏོར་བརླག་ཅི་ཡང་ཐེབས་མེད་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་ཁཱ་ཐར་གྱིས་ས་ཁུལ་གྱི་གཏན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་བྱས་པར་བཀའ་དྲིན་ཞུས།

དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་ཡིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པའི་བྱ་སྤྱོད་ལ་རྒོལ་ལན་སྤྲོད་ཆེད། དབྱི་ལིང་གིས་ཉིན་དེར་ཝུའུ་ཏའེ་ཏི་མཁའ་དམག་རྟེན་གཞིར་འཕུར་མདའི་ཆམ་ཕབ་བཏང་བ་ཡིན་ཟེར།

ཝུའུ་ཏའེ་ཏི་མཁའ་དམག་རྟེན་གཞི་ནི་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་ཆེས་ཆེ་བའི་དམག་དོན་རྟེན་གཞི་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།