ཧི་ལན་གྱིས་ཝུའུ་ཁི་ལན་ལ་ཡོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་ལྔའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།
2025.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧི་ལན་གྱི་རྒྱལ་སྲུང་བློན་ཆེན་པུའུ་ལོས་ཁི་ཨར་མན་སི་ཡིས་ཚེས24ཉིན་ཁྱབ་བསྒྲགས་བྱས་དོན། ཧི་ལན་གྱིས་ཝུའུ་ཁི་ལན་ལ་རིན་ཐང་ཡོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་ལྔའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ལེ་ཏཱའི་མ་ལག་དང་མི་མེད་འཐབ་འཁྲུག་རླངས་འཁོར། མི་མེད་གནམ་གྲུ་སོགས་འདུས་ཟེར།

པུའུ་ལོས་ཁི་ཨར་མན་སི་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་རྩེ་ཚོགས་ཉིན་དེར་ཧེ་ཡཱ་རུ་འཚོགས་འགོ་བརྩམས་པའི་སྐབས་སུ་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད། ཁོས་བཤད་རྒྱུར། ཧི་ལན་གྱིས་ད་རུང་ཝུའུ་ཁི་ལན་གྱི་ཁེ་ལས་བར་གྲོས་མཐུན་བཀོད་དེ། མཉམ་འབྲེལ་གྱིས་མི་མེད་གནམ་གྲུ་འབུམ་དྲུག་ཐོན་སྐྱེད་བྱེད་རྒྱུ་ཡིན་ཟེར།

ཚོགས་ཡུན་ཉིན་གཉིས་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྩེ་ཚོགས་དེ་ཚེས24ཉིན་ཧེ་ཡཱ་ནས་འཚོགས་འགོ་བརྩམས་པ་དང་། བྱང་ཆིངས་རྩ་འཛུགས་ནང་ཁུལ་དུ་འགལ་བ་ཆེན་པོ་ཡོད་པའི་དབང་གིས་རྩེ་ཚོགས་དེ་ནས་གྲུབ་འབྲས་ཆེན་པོ་ལོན་དཀའ་བར་མངོན། ན་ནིང་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་བསྡུས་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྩེ་ཚོགས་དང་བསྡུར་ན། སྐབས་འདིའི་རྩེ་ཚོགས་ཀྱི་ཚོགས་ཡུན་ཉིན་གཅིག་གིས་ཇེ་ཐུང་དུ་བཏང་ཡོད་པ་དང་། གྲོས་རིམ་ཡང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་བཏང་ཡོད། ཝུའུ་ཁི་ལན་གྱི་འབྲེལ་ཡོད་གྲོས་གཞི་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད་ཅིང་། འབྲེལ་ཡོད་ཀྱི་གྲོས་བསྡུར་དང་གྲོས་ཚོགས་ཀྱི་བཀོད་སྒྲིག་ཀྱང་བལྟོས་བཅས་ཀྱིས་ཇེ་ཉུང་དུ་སོང་ཡོད། རྩེ་ཚོགས་སྔོན་མའི་སྐབས་སྤེལ་བའི་བྱང་ཆིངས་རྩ་འཛུགས་དང་ཝུའུ་ཁི་ལན་ལས་འཛིན་ལྷན་ཚོགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་མེད་པར་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།