དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་འཁྲུག་རྩོད་མཚམས་འཇོག་པའི་ཐད་ནས་ཐི་ལིང་ཕུའུ་ལ་ཁ་པར་བཏང་།
2025.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བར་མི་དགའ་བའི་ཚུལ་བསྟན་པའི་རྗེས་སུ། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས24ཉིན་བཤད་རྒྱུར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། དབྱི་སི་རལ་ཕྱོགས་ཀྱིས་དབྱི་ལིང་ལ་ཆམ་ཕབ་མི་གཏོང་བར་འཐད་པ་ཡིན་པའི་ཚུལ་བསྟན་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས24ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ། ཐི་ལིང་ཕུའུ་ཡིས་ཁ་པར་གཏོང་སྐབས་དབྱི་སི་རལ་གྱིས་འཐབ་འཁྲུག་གི་དམིགས་འབེན་ཚང་མ་མངོན་འགྱུར་བྱས་པར་གཟེངས་བསྟོད་ཆེན་པོ་བྱས་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གཏན་འཇགས་རང་བཞིན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཚེས24ཉིན་གྱི་ཞོགས་པའི་དུས་ཚོད་བདུན་སྟེང་ནུས་ལྡན་དུ་གྱུར་བ་དང་། ཉིན་དེའི་ཞོགས་པའི་དུས་ཚོད་གསུམ་སྟེང་། དབྱི་སི་རལ་གྱིས་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་གྲོང་ཁྱེར་ལྟེ་གནས་ཀྱི་དམིགས་འབེན་ལ་དཔུང་འཇུག་དྲག་པོ་བྱས་ཏེ། དབྱི་ལིང་གི་ཚད་ལྡན་དམག་དོན་དམག་དཔུང་ཕཱ་སི་ཅི་དང་བདེ་འཇགས་དམག་དཔུང་གི་མི་སྣ་བརྒྱ་ཕྲག་འགའ་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་འགྱུར་ལ་ཉེ་བའི་སྐབས་སུ། དབྱི་ལིང་གིས་དབྱི་སི་རལ་ལ་འཕུར་མདའི་འཇབ་རྒོལ་བྱས་པ་དང་། འཕུར་མདའ་གཅིག་དབྱི་སི་རལ་ལྷོ་ཕྱོགས་ཀྱི་པེ་ཨར་ཞེ་པཱ་གྲོང་ཁྱེར་དུ་ལྷུང་ནས་མི4རྐྱེན་ལམ་དུ་ཤོར། ས་དེའི་ཞོགས་པའི་དུས་ཚོད་བདུན་དང་སྐར་མ་དྲུག་སྟེང་། དབྱི་ལིང་གིས་དབྱི་སི་རལ་ལ་འཕུར་མདའ་གཅིག་གཏོང་འཕེན་བྱས་པ་དང་། ས་དེའི་ཞོགས་པའི་དུས་ཚོད་བཅུ་དང་སྐར་མ་ཉེར་ལྔའི་སྟེང་ཡང་བསྐྱར་འཕུར་མདའ་གཉིས་གཏོང་འཕེན་བྱས། འཕུར་མདའ་དེ་དག་དབྱི་སི་རལ་གྱི་དམག་དཔུང་གིས་བཀག་པའམ་མི་མེད་ཀྱི་ས་སྟོང་དུ་ལྷུང་བས། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་བྱུང་མེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བར་རྒོལ་ལན་སྤྲོད་ཆེད། དབྱི་སི་རལ་གྱི་མཁའ་དམག་གིས་ཏི་ཧེ་ལན་ཉེ་འདབས་ཀྱི་ལེ་ཏཱའི་སྒྲིག་ཆས་ཤིག་ལ་གཏོར་བཤིག་བཏང་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་མ་སྤེལ་གོང་། ཐི་ལིང་ཕུའུ་ཡིས་དབྱི་སི་རལ་དང་དབྱི་ལིང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བར་མ་དགའ་བསི་ཚུལ་བསྟན་པ་དང་། ཁོས་རྒྱལ་ཁབ་གཉིས་ཀྱི་བྱ་སྤྱོད་ལ་མི་དགའ་བའི་ཚུལ་བསྟན་པ་དང་དབྱི་སི་རལ་ལ་ལྷག་ཏུ་མ་དགའ་བའི་ཚུལ་བསྟན། ཐི་ལིང་ཕུའུ་ཡིས་ད་རུང་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་མྱུར་མོར་ཕྱིར་ལོག་དགོས་པའི་རེ་བ་བཏོན་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་ཡོད་པ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།