དབྱིན་ཇིའི་དངུལ་ལོར་སྐབས་དོན་ཚགས་པར་གྱིས་ཚེས24ཉིན་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་བློ་འདོན་པ་སེ་པའོ་ཐི་ཡིས་བསྟན་དོན། ཟླ7པའི་ཚེས9ཉིན་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་ཉོ་ཚོང་གྲོས་མོལ་གྱི་ཆེས་མཇུག་མཐའི་དུས་བཅད་ཀྱི་སྔོན་དུ། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་ནས་ལངས་ཕྱོགས་མཐུན་སྦྱོརབྱས་ཏེ། ཨ་མེ་རི་ཁར་སྔར་ལས་མང་བའི་སྒོ་ཁྲལ་གྱི་ངོ་རྒོལ་བྱེད་ཐབས་སྤྱོད་པར་གྲ་སྒྲིག་བྱས་ནས། ཨ་མེ་རི་ཁར་ངེས་པ་དོན་གྱི་འཇིགས་ཉེན་ཐེབས་པར་བྱེད་དགོས་ཟེར།
སེ་པའོ་ཐི་ཡིས་བསྟན་དོན། ཧྥུན་ཏི་ལའེ་ཨིན་གྱིས་ཨ་མེ་རི་ཁར་སྒོ་ཁྲལ་ངོ་རྒོལ་བྱེད་ཐབས་སྔར་ལས་མང་བོ་སྤྱད་དེ། སྔར་ལས་མང་བའི་གྲོས་མཐུན་བརྩོན་ལེན་བྱེད་རྩིས་ཡོད་ཟེར།
ཧྥུན་ཏི་ལའེ་ཨིན་གྱིས་ཉེ་སྔོན་བསྟན་དོན། གྲོས་མོལ་བྱེད་སྐབས་གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་དང་དེའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདག་དབང་ལ་འབྲེལ་བའི་ཐབས་ཇུས་འཕེལ་རིམ་དེར་ཨ་མེ་རི་ཁས་གནོད་པ་གཏོང་མི་རུང་ཟེར།
འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ནན་གྱིས་བསྟན་དོན། འཇར་མན་སྲིད་གཞུང་གིས་ཨ་མེ་རི་ཁར་ངོ་རྒོལ་བྱེད་ཐབས་སྔར་ལས་མང་བོ་སྤྱོད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། ཁོས་བཤད་རྒྱུར། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་བར་གྲོས་མཐུན་འགོད་མ་ཐུབ་ན། འཇར་མན་ཕྱོགས་ཀྱིས་ཐག་གཅོད་བྱེད་ཐབས་མང་བོ་སྤྱད་ནས་རང་སྟེང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། གལ་ཏེ་མིག་སྔའི་ཉོ་ཚོང་རྩོད་གླེང་སྔར་ལས་ཛ་དྲག་ཏུ་གྱུར་ན། ཕྱོགས་གང་རུང་ལ་ཕན་ཐོགས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།