དབྱི་ལིང་གི་སྲིད་འཛིན་གྱིས་ཉིན་བཅུ་གཉིས་ཀྱི་འཐབ་འཁྲུག་མཇུག་བསྒྲིལ་བ་དང་བསྐྱར་འཛུགས་བྱ་བ་འགོ་བརྩམས་ཡོད་པའི་ཚུལ་བསྟན།
2025.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས24ཉིན་དབྱི་ལིང་མི་དམངས་ལ་ཡོངས་བསྒྲགས་འཕྲིན་ཡིག་བསྐུར་བའི་ནང་བསྟན་དོན། དབྱི་ལིང་མི་དམངས་ཀྱིས་དཔའ་མཛངས་ལྡན་པའི་སྒོ་ནས་འགོག་རྒོལ་བྱས་པ་བརྒྱུད། དབྱི་སི་རལ་གྱིས་བསླངས་ཤིང་ཉིན་བཅུ་གཉིས་འགོར་བའི་འཐབ་འཁྲུག་དེ་མཇུག་སྒྲིལ་ཡོད་ཟེར། དེའི་ཞོར་དུ་ཁོས་ལས་ཁུངས་སོ་སོས་ཉིན་དེ་ནས་བཟུང་སྟོབས་ཤུགས་ཡོད་ཚད་བསྐྱར་འཛུགས་བྱ་བའི་ཐད་གཏོང་དགོས་པའི་རེ་བ་བཏོན།

དབྱི་ལིང་གི་སྲིད་འཛིན་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཕའེ་ཚེ་ཞི་ཆི་དབྱང་གིས་བསྟན་དོན། དགྲ་བོས་དབྱི་ལིང་གི་སྒྲིག་ཆས་ལ་གཏོར་བརླག་བཏང་ནས་སྤྱི་ཚོགས་ཟང་ཟིང་དུ་གཏོང་འདོད་པའི་གཡོ་ཇུས་དེར་རྩ་བ་ནས་ཕམ་ཉེས་བྱུང་ཡོད། དེ་ལས་ལྡོག་ནས་དབྱི་སི་རལ་གྱི་སྒྲིག་ཆས་གཙོ་བོར་གནོད་པ་ཚབས་ཆེན་ཐེབས་ཡོད་ལ། དེ་ལས་དབྱི་ལིང་ལ་ཉེན་ཁའི་བྱ་སྤྱོད་སྤེལ་བར་རིན་དོད་ཆེན་པོ་བཏང་ཡོད་པ་མཚོན་ཡོད་ཟེར།

དེ་ལས་གཞན་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས24ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་ལ་ཁ་པར་གཏོང་སྐབས་བསྟན་དོན། དབྱི་ལིང་གིས་རྒྱལ་སྤྱིའི་སྒྲོམ་གཞིའི་ནང་ཨ་མེ་རི་ཁའི་བར་གྱི་གནད་དོན་ཐག་གཅོད་བྱེད་རྩིས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་དབྱི་སི་ལན་རྒྱལ་ཁབ་བར་འགྲིག་མཐུན་མི་ཡོང་བའི་དགྲར་འཛིན་སྣང་ཚུལ་བཟོ་བརྩིས་བྱས་ཀྱང་། དབྱི་ལིང་གིས་ས་ཁུལ་གྱི་མཐུན་སྒྲིལ་དང་ཞི་བདེ་ལ་ཤུགས་སྣོན་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། དེ་རྒྱལ་ཁབ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་རྨང་གཞིར་མཐོང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།