རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་ཁྱིམ་མཚེས་རྒྱལ་ཁབ་དག་གི་མི་སྣ་དང་ཁོར་ཡུག་ལ་ཉིང་རྡུལ་ནུས་པའི་འཕྲོ་འགྱེད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་མེད་པའི་ཚུལ་བསྟན།
2025.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས24ཉིན་གསལ་སྒྲོག་གཅིག་ལས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་ཞིབ་འཇུག་སྒྲིག་ཆས་ལ་དཔུང་འཇུག་ཐེབས་མེད་པ་དང་། དབྱི་ལིང་གི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་སྣ་དང་ཁོར་ཡུག་ལ་ཉིང་རྡུལ་ནུས་པའི་འཕྲོ་འགྱེད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་མེད་ཟེར།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་སྐོར་ཞིག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། དེའི་ནང་ནས་བྱེ་བྲག་གི་གནས་སུ་འཕྲོ་འགྱེད་རང་བཞིན་གྱི་དངོས་རྫས་དང་རྫས་འགྱུར་དངོས་རྫས་ཕྱིར་བཞུར་བའི་སྣང་ཚུལ་བྱུང་ཡོད་ཀྱང་། མིག་སྔར་ཕྱི་རོལ་ཡུལ་གྱི་འཕྲོ་འགྱེད་ཆུ་ཚད་ཇེ་མཐོར་སོང་བའི་སྙན་ཞུ་བསྒྲགས་མེད། ལས་ཁུངས་དེས་རྙེད་པའི་གཞི་གྲངས་ལྟར་ན། དབྱི་ལིང་གི་ཁྱིམ་མཚེས་རྒྱལ་ཁབ་དག་གི་མི་སྣ་དང་ཁོར་ཡུག་ལ་འཕྲོ་འགྱེད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་མེད་ཟེར།

ཀི་ལོ་ཞི་ཡིས་བཤད་རྒྱུར། ཉིང་རྡུལ་ནུས་པའི་བདེ་འཇགས་ལ་མཚོན་ན་ཆེས་གལ་འགངས་ཆེ་བ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་དཔུང་འཇུག་ཐེབས་མེད་པ་དེ་རེད་ཟེར།

དེ་ལས་གཞན་ཀི་ལོ་ཞི་ཡིས་ཚེས24ཉིན་དྲ་ཚིགས་བརྒྱུད་དེ། ཁོས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ལ་འཕྲིན་ཡིག་བཏང་སྟེ། ཕྱོགས་གཉིས་ཀྱིས་མྱུར་དུ་གྲོས་མོལ་བྱེད་པའི་གྲོས་གཞི་བཏོན། ཁོས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་མཉམ་ལས་སླར་གསོ་བྱེད་པ་ནི་ཕྱི་འབྲེལ་གྲོས་མཐུན་བཀོད་ནས་མཇུག་མཐར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་གནད་འགག་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།