ཐི་ལིང་ཕུའུ་དང་ཙེ་ལན་སི་ཅི་གཉིས་ཧོ་ལན་གྱི་ཧའེ་ཡ་རུ་ཐུག་འཕྲད་བྱས།
2025.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས25ཉིན། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་སྨྱན་བྱད་བརྒྱུད་ནས་ཁོ་དང་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ཉིན་དེར་ཧོ་ལན་ཧའེ་ཡའི་བྱང་ཆིངས་རྩེ་ཚོགས་ཀྱི་སྐབས་སུ་ཐུག་འཕྲད་བྱས་པ་དང་།  ཕྱོགས་གཉིས་ཀྱིས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་དམག་འཁྲུག་མཚམས་འཇོག་པ་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་བྱས་པ་ཡིན་ཟེར།  འོན་ཀྱང་ཐི་ལིང་ཕུའུ་ཡིས་སྨྱན་བྱད་ལ་ཙེ་ལན་སི་ཅི་དང་མཉམ་དུ་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་དམག་འཁྲུག་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་ཁས་ལེན་མ་བྱས།

ཙེ་ལན་སི་ཅི་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་དམག་འཁྲུག་མཚམས་འཇོག་པ་དང་ཞི་བདེའི་གོ་རིམ་མངོན་འགྱུར་ཡོང་བ། ཝུའུ་ཁི་ལན་གྱི་མང་ཚོགས་ལ་འཇབ་རྒོལ་མི་ཐེབས་པར་སྲུང་སྐྱོབ་བྱ་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས་ཟེར།

ཝུའུ་ཁི་ལན་རྒྱལ་སྤྱིའི་ཡིག་རིགས་འཕྲིན་གཏོང་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།ཐི་ལིང་ཕུའུ་ཡིས་ཙེ་ལན་སི་ཅི་དང་ཐུག་འཕྲད་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཝུའུ་ཁི་ལན་ཕྱོགས་ལ་རྒྱལ་གཅེས་པའི་མཁའ་ཟོན་འཕུར་མདེལ་མ་ལག་ཐོབ་འདོད་ཆེན་པོ་ཡོད་པ་དང་། ཨ་རིས་ཝུའུ་ཁི་ལན་ཕྱོགས་ལ་མཁོ་འདོན་བྱེད་ཐུབ་མིན་ལ་བསམ་གཞིག་གཏང་རྒྱུ་ཡིན་ཞེས་བཤད།  ཁོས་བལྟས་ན་ཝུའུ་ཁི་ལན་ཕྱོགས་ལ་རྒྱལ་གཅེས་པའི་འཕུར་མདེལ་ཐོབ་དཀའ་བར་འདོད། རྒྱུ་མཚན་ནི་ཨ་རི་ཕྱོགས་ལ་ཡང་དགོས་མཁོ་ཡོད་པས་རེད།

དེ་དང་མཉམ་དུ་ཐི་ལིང་ཕུའུ་ཡིས་ཙེ་ལན་སི་ཅི་དང་མཉམ་དུ་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་དམག་འཁྲུག་མཚམས་འཇོག་པའི་གནད་དོན་ཐད་གྲོས་བསྡུར་བྱས་པ་ཁས་མ་བླངས་མོད། འོན་ཀྱང་ཁོས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་ལ་ཡང་བསྐྱར་ཁ་པར་བཏང་ནས་དམག་འཁྲུག་མཇུག་བསྒྲིལ་ཐུབ་མིན་ལ་བལྟ་རྒྱུ་ཡིན་པར་བསྟན་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།