ཚེས26ཉིན། ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱི་འགོ་ཁྲིད་པ་ཨ་པུའུ་ཏུའུ་ལི·མ་ལིས་ཁི·ཧུའུ་སའེ་ཡིས་བསྟན་དོན། ཟླ3པའི་ཟླ་དཀྱིལ་ནས་བཟུང་རྩ་འཛུགས་དེས་དབྱི་སི་རལ་ལ་མདེལ་ལམ་འཕུར་མདེལ309དང་སྒྲ་མྱུར་ཚད་མཐོ་བའི་འཕུར་མདེལ་དང་དེ་མིན་མི་མེད་གནམ་གྲུ་བཅས་འཕེན་གཏོང་བྱས་ཡོད།
ཨ་པུའུ་ཏུའུ་ལི·མ་ལིས་ཁི·ཧུའུ་སའེ་ཡིས་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་མ་ཞི་ལ་བརྙན་འཕྲིན་ལས་ཁུངས་སུ་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བསྟན་དོན། ཟླ་འདི་ཁོ་ནའི་ནང་དུ་ཡང་ཧུའུ་སའེ་དྲག་ཆས་ཀྱིས་འཕུར་མདེལ་དང་མི་མེད་གནམ་གྲུ25འཕེན་གཏོང་བྱས་ཡོད། ཁོས་དེ་དག་ནི་ཅ་ཧྲར་རྒྱབ་སྐྱོར་བྱེད་པའི་ཁ་ཕྱོགས་གཏན་འཁེལ་གྱི་དམག་དོན་འགུལ་སྐྱོད་ཡིན་ཞེས་བཤད་པ་དང་། དབྱི་སི་རལ་གྱིས་ཨ་རིའི་རྒྱབ་སྐྱོར་འོག་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་ལ་མུ་མཐུད་དུ་དམག་དོན་འགུལ་སྐྱོད་སྤེལ་བར་སྐྱོན་འཛུགས་བྱས།
ཁོས་ཧུའུ་སའེ་དྲག་ཆས་ཀྱིས་སྔར་བཞིན་རྒྱ་མཚོ་དམར་པོའི་ནང་དབྱི་སི་རལ་གྱི་འབྲེལ་ཡོད་གྲུ་གཟིངས་བཀག་སྡོམ་བྱེད་ཀྱི་ཡོད་ཅེས་བསྐྱར་བསྒྲགས་བྱས།
ཚེས24ཉིན། ཧུའུ་སའེ་དྲག་ཆས་ཆབ་སྲིད་ཅུའུ་ཡི་ཁོངས་མི་མུའུ་ཧན་ཏི·པུའུ་ཧའེ་ཐིས་ཀྱིས་སྨྱན་བྱད་བརྒྱུད་ནས། ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་གྱིས་ཅ་ཧྲར་བཙན་འཛུལ་བྱེད་མཚམས་བཞག་ནས་བཀག་སྡོམ་མེད་པར་བཟོ་བའི་བར་དུ། དབྱི་སི་རལ་ལ་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།